R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 266
[A:266]ཤེས་རིན་ཆེན་པ་ལ། ཁོང་རང་གི་སྣག་ཚ། དབོན་པོ་གྲགས་ལེ་བ་ཕུལ། དེས་ས་སྐྱ་པས་ཕག་གྲུའི་གདན་ས་བསྐོ་གྲབ་བྱས་པས། གཅུང་རྒྱལ་པོས་བཀྲོངས། དེ་མཚམས་རིན་པོ་ཆེ་གྲགས་ཡེ་གྲོངས་ནས། གཅུང་རྒྱལ་པོ་གྲགས་རིན་པས་གདན་ས་མཛད། ས་སྐྱའི་གྲགས་ལེ་དབོན་པོས་འཁམ་གཅུང་བསྐོ་གྲབ་བྱས་པ་ལ་། གཅུང་རྒྱལ་པོའི་རྟིང་འབྲི་ཁུང་པས་མནན་ནས། ས་འབྲི་འཐབ་པའི་འགོ་ཚུགས། ཕག་གྲུ་རང་ལ་སྐྱོན་ཆེར་མ་བྱུང་ནའང་། ས་འབྲི་ཡུན་རིང་པོ་འཁྲུག ཕྱིའི་གཅུང་རྒྱ་བོས་བླ་དཔོན་སྦྲེལ་ནས་མཛད། དེ་གྲོངས་ནས་ཁོང་གི་དབོན་པོ་གྲགས་པ་རྒྱལ་མཚན་པ་ས་ཕོ་བྱི་བ་ལོ་ལ་གདན་ས་ལ་བསྐོས་པ་ཡིན། ཁོང་རང་གྲོངས་ནས་དེའི་དབོན་པོ་རིགས་རྒྱུད། སྤྱན་མངའ་གྲགས་བྱང་པ་གདན་སར་བསྐོས། ལོ་འགའ་སྣེ་གདོང་ཁྲི་ཐོག་དང་། སློབ་དཔོན་སྦྲགས་པ་མཛད། དེ་གཤེགས་རྟིང་། གཅུང་པོ་གྲགས་པ་རིན་ཆེན་པ་ཕག་གྲུའི་གདན་སར་བསྐོས། དེའི་རྗེས་ལ། ཁྲི་དཔོན་ཤཱཀ་རིན་གྱི་སྲས་པོ། སྤྱན་མངའ་བསོད་ནམས་དཔལ་བ་དང་། བསོད་ནམས་བཟང་པོ་བ། བསོད་ནམས་རྒྱལ་མཚན་པ་སྐུ་མཆེད་རྣམས་ཀྱི་རིམ་པར་གདན་ས་མཛད། ཆུ་མོ་གླང་གི་ལོའི་གཤམ་ལ། སྤྱན་སྔ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་སྐུ་མཆེད་གཤེགས། དེའི་གཤེགས་རྫོངས་ཀྱི་སྐབས་ཤིང་ཕོ་སྟག་གི་ལོ། སྲོག་སྨེ་བརྒྱད་དཀར་དབུས་སུ་ཤར་སྟོན་ནས། ཕག་གྲུ་ནང་ཟིང་ལ་བསྟན་པས། དབུས་གཙང་བདེ་དོག་ཆེན་མོ་ལངས་པ་ཡིན། བདེ་གཤེགས་བླ་མ་རྣམས་ཀྱི་ཐུགས་རྗེ་ཡི། །དབུས་གཙང་བདེ་ཞིང་ཐུབ་བསྟན་གསལ་བ་དང་། །བསྟན་འཛིན་སྐྱེས་བུའི་གདན་ས་མ་སྟོང་བར། །སྒྲུབ་རྒྱུད་ཉི་མའི་འོད་ལྟར་གསལ་བར་ཤོག།མདོ་རྒྱུད་ནས་བཤད་པའི་སྤྱན་ལྔ་ནི། ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔའོ། །དགེ་ལེགས་འཕེལ་བར་གྱུར་ཅིག། །།