[A:267]དཔལ་ཕག་མོ་གྲུ་པའི་དཔོན་རབས་བྱོན་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་ཕག་མོ་གྲུ་པའི་དཔོན་རབས་ནི། དང་པོ་སྤྱན་སྔ་ཆོས་རྗེའི་དུས་ན། འབྲི་ཁུང་ནས་སྒོམ་པ་ཤཱཀ་རིན་གྱིས་སྤྱིའི་ཁ་ཏ་བྱེད། སྤྱན་སྔ་བའི་ཉེ་གནས་སྒོམ་བརྩོན་གྱིས་རྐང་ཡངས་དང་། སྨད་ཧོར་ལ་ངོ་ལྟ་བྱས། རྟིང་ལ་མདོ་ཁམས་ནས། དཔོན་རྡོ་རྗེ་དཔལ་བྱ་བའི་མི་གཞོན་ཅིག་བྱུང་། རུས་པ་ལྷ་གཟིགས་ཡིན་བྱས་པས་སྤྱན་སྔ་བའི་དྲུང་དྲུ་བཞག སྔོན་ལ་གསོལ་ཇ་བ་བཅོལ། རྟིང་དུ་རྒྱ་ཡུལ་ལ་བརྫངས་པས། ཕག་ཁྲུ་ཁྲི་སྐོར་དུ་སྟག་མགོ་བླང་། ཁྲི་དཔོན་ཡུན་རིང་དུ་བྱས། ཤིང་ཕོ་སྟག་ལོ་ལ་སྣེ་གདོང་རྫོང་བརྩིགས། དེ་འདས་ནས། དེའི་ནུ་བོ་གཞོན་ནུ་རྒྱལ་མཚན་གྱི་དཔོན་བྱས། དེ་འདས་རྟིང་ཁོང་གི་དབོན་སྐྱ་ཡར་འབྲོག་པ། བྱང་གཞོན་གྱིས་ཁྲི་དཔོན་བྱས། སྐབས་དེར་ས་འབྲི་འཁྲུག་པ་ལ༑ བྱང་གཞོན་གྱིས། ས་སྐྱ་པ་གང་གསུངས་བྱས། དཔོན་ཆེན་ཨ་གླེན་གྱིས། ཕག་གྲུ་བསྲེག་པར་བྱུང་བ་ལ། བྱང་གཞོན་གྱི་ཞུས་པས་འཚེང་། བྱང་གཞོན་ཤི་ནས། གཞོན་ནུ་རྒྱལ་མཚན་གྱི་ཚ་བོ། གཞོན་ནུ་ཡོན་ཏན་གྱིས་ཁྲི་དཔོན་བྱས། ཧོར་རྒྱལ་བུ་ཐི་མུར་བྷོ་ཁ་ཡུམ་སྲས་བོད་དུ་བཞུགས་པའི་ཞབས་ཏོག་དང་། དམག་གི་ཕྱག་ཕྱི་ཅུང་མ་འགྲུབ། ཕྱི་གོ་མ་ཆོད་ཀྱང་། ནང་དུ་ཞིང་པ་ཡ་གསུམ་ལ་སོགས་པ་ལ་གཟན་པོ་བྱས་པས། རིན་པོ་ཆེ་གཅུང་རྒྱ་བོ་མ་མཉེས་པ་ར། རྒྱལ་པོ་