R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 269
[A:269]གཅེན་པོ་སློབ་དཔོན་གྲགས་པ་བཟང་པ། ཕག་གྲུའི་ཁྲི་དཔོན་ལ། ས་སྐྱ་ནས་ཁྱོན་བསྐོས་བྱས་པའི། ཚོགས་ཇ་མཉམ་དུ་བཀོལ། ཏི་ཤྲི་ཀུན་བློའི་གོང་དུ་བྱོན་དུས། རྒྱལ་མཚན་སྐྱབས་ཕབ་ནས། ཁོང་གི་ཁྲི་དཔོན་དུ་བསྐོས། ཙང་དབང་རྒྱལ་པོའི་འཇའ་ས་དང་། སི་ཏུའི་མིང་ཐོབ། རྒྱལ་མཚན་སྐྱབས་ཀྱི་ཚ་བོ་བསོད་ནམས་རྒྱལ་མཚན་གྱིས་ལུང་གིས་བརྩད་ཅིང་། ཁྱོན་གྱི་བསྐོ་བཞག་དང་། མཐོ་སྨན་གང་དུ་བྱུང་ཡང་། སུས་ཀྱང་མ་ཐུབ་པར། རྒྱལ་ཁམས་དབང་དུ་བསྡུས་པའི་མི་དེ་འདི་ཡིན་ནོ། །ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པ་འདི་ཉིད་སྐུ་ན་གཞོན་དུས། ཕྱི་ནང་གི་སྡེ་གཟར་དཀའ་དགུ་སྦྱོངས་བརྗོད་ཆེ་ནའང་། དགུང་ལོ་ང་ལྔ་པའི་ཐོག་ཆུ་ཕོ་སྤྲེ་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ། དཔོན་ཆེན་རྒྱལ་བ་བཟང་པོ་ལྷ་རྩེར་སྐོང་། དེ་འདོན་ཕྱིར་ཁྲི་སྐོར་རྣམས་ཀྱི་དམག་བསྡུས་པའི་དཔོན་ཐོབ་ནས། ཟླ་བ་ལྔ་པའི་ཚེས་ལྔའི་ཉིན། ས་སྐྱར་བཅའ་ཧོ་བཏང་། ཁྲིམས་བཅས་པ་ནས། བསྟན་པའི་འགོ་ཚུགས་ཏེ། མཚན་ཇུས་དང་མངའ་ཐང་ཡར་འཕེལ་དུ་བྱུང་། ཁོང་གི་རིང་ལ། རང་རེ་ལྷ་གཟིགས་ཀྱི་རྒྱུད་པ་འདིས། མིས་མི་གོ་ཆོད་ཅིང་། ཆོས་ཀྱི་ཆོས་གོ་ཆོད་པ་ཞིག་དགོས་པ་འདུག་གསུངས། རྩེད་ཐང་གི་དགོན་པ་གསར་དུ་བཏབ། བཤད་གྲྭ་བཙུགས། སྣེ་གདོང་དང་སྲོལ་གཅིག་པར་བྱས། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་བ་གདན་དྲངས། ཆོས་སྡེའི་རབ་གནས་དང་ཁོང་རང་གི་དབོན་པོ། སློབ་དཔོན་ཤཱཀྱ་རྒྱལ་མཚན་ཆོས་དཔོན་ལ་བསྐོས་པའི་ཚོགས་དཔོན་ཞུས། ཆོས་འཇིག་རྟེན་གྱི་བྱ་བ་ལའང་། མཁྱེན་རབ་དང་རྩོལ་ཤིན་ཏུ་ཆེ་བར་གྲག་ཅིང་། ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་བྱ་བ་བྱས་པ། ཕྱག་རྗེས་དཔོན་རབ་སྔོན་རྟིང་། དུ་གཞན་ལས་ཀྱང་འདི་ཉིད་མཆོག་ཏུ་ཆེ་བར་