[A:268]ཡུམ་སྲས་ལ་ཞུས་པས། གཞོན་ནུ་ཡོན་ཏན་ཕབ། གོང་དུ་ཞུ་བ་བཏང་། དེ་མ་འཁོར་བར་ལ་རྒྱལ་པོའི་མ་མ་གོ་ཆ། ས་སྐྱ་བའི་ཆོས་ཁྲིམས་པ་རིན་ཆེན་བཀྲ་ཤིས། རིན་པོ་ཆེའི་ཉེ་གནས་བརྩོན་འགྲུས་དཔལ། གཞོན་ནུ་ཡོན་ཏན་གྱི་དཔོན་འོག་མ། གྲགས་པ་འོད་ཟེར། སྔགས་ཧུ་ལ་ཧུའི་བསྐོས་པའི་ཡུལ་བསྲུང་བ། གོ་བོ་ཆུའི་བུ་རྡོ་རྗེ། ཡར་ཀླུངས་ཇོ་བོ་བྲག་རིན་རྣམས་འཛོམས་ཀྱིན། ཁྲི་སྐོར་གྱི་བྱ་བ་བསྒྲུབས། དེ་མཚམས་གོང་དུ་བླ་མ་ཏི་ཤྲི་གྲགས་འོད་པའི་བདག་མཛད་ནས། རིན་པོ་ཆེའི་གཅུང་རྒྱལ་པོ་ལ་ཁྲི་དཔོན་གྱི་འཇའ་ས་བསྒྲུབས་ནས། བླ་དཔོན་སྦྲགས། གཞོན་ནུ་ཡོན་ཏན་ལ་རྟེན་སོར། འཕྱོངས་རྒྱས་སྨོན་མཁར་བྱིན། གཅུང་རྒྱ་བོ་གྲོངས་རྟིང་། རིན་པོ་ཆེ་གྲགས་པ་རྒྱལ་མཚན་པའི་གཅེན་པོ། རྒྱལ་མཚན་དཔལ་གྱིས་གོང་དུ་བྱོན། ལྷ་རྗེ་ཕག་མོ་གྲུ་པས་ཞུས་ནས། ལུང་གིས་རྒྱལ་མཚན་དཔལ་བསྐོས། དེའི་ལག་ནས་ཁོང་རང་གི་ནུ་བོ། གྲགས་བཟང་ས་སྐྱ་པས་ཞུས་ནས་བསྐོས་དེའི་ལག་ནས། གཞོན་ནུ་རྒྱལ་མཚན་གྱི་བུ་རྒྱལ་མཚན་སྐྱབས་ཀྱི་འཇའ་ས་བླངས། རིན་པོ་ཆེ་གྲགས་རྒྱལ་བའི་གཅུང་པོ། བྱང་ཆུབ་རྒྱལ་མཚན། ཤིང་ཕོ་སྟག་ལོ་ལ་བླ་མ་བདག་ཉིད་ཆེན་པོའི་དྲུང་དྲུ། ལོ་བཅུ་བཞི་ལོན་པ་ཡོས་ལོ་ལ་ཕྱིན་ནས། ཕྱག་ཕྱིར་བསྡད་དམ་གཉེར་བྱས། བླ་མའི་གསུངས་ནས། ཁྱོད་རིན་པོ་ཆེ་བྱེད་དམ། ཁྲི་དཔོན་བྱེད་གསུངས་ནས། རིན་པོ་ཆེ་བྱེད་ལགས་ཞུས་པས། དེ་མི་ཡོང་བར་འདུག ཁྲི་དཔོན་བྱེད་དགོས་པས། གཡུལ་རྒྱལ་དང་། ལེགས་བཤད་ལ་ལྟོས་གསུངས། ཐུགས་མཁྱེན་མངའ་བར་འདུག དེའི་རྗེས་བདག་ཉིད་ཆེན་པོས་སྤྲད་ནས། བླ་མ་མཉམ་མེད་པ་ལ་སློབ་གཉེར་ཞུས། བརྟག་གཉིས་བསླབས། འབྲུག་ལོ་སྟོན་གཞུག་ལ། ཁོང་གི་བཤད་གསར་གྱི་ཇ་དང་།