R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 271
[A:271]རྩོད་དང་། ཨེ་གཉལ་གྱི་སྡེ་གཟར་ལ་སོགས། དཀའ་དགུ་མང་པོ་བྱུང་ནའང་། རྟིང་ལ་སྡེ་པ་ནང་འཇགས། དབུས་གཙང་གི་ཁྲི་སྟོང་ཕལ་ཆེ་བ། སྲིད་དབང་དུ་འདུས། རྒྱ་ནག་ཏ་མིང་རྒྱལ་པོས། ཀོན་ཏིང་གུ་ཤྲི་དང་། ཚན་ཧི་དབང་གི་མཚན ། དམ་ཁ་ལུང་ལག་རྟགས་བཟང་པོའི་རིམ་པ་གནང་། སྟོབས་དང་དཔལ་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་ཤིང་། དགུང་ལོ་བཅུ་གཅིག་ནས། ལྔ་བཅུ་རྩ་དགུའི་བར་ལ། མཚན་གོ་ས་མཐོན་པོར་བཞུགས་ནས། སྡེ་སྲིད་ཡར་འཕེལ་དུ་བྱུང་བས། ཕག་མོ་གྲུ་པའི་དཔོན་རྒྱུད། ཁྲི་ཐོག་ཏུ་བཞུགས་པ་ལ། འདི་པ་ཡུན་རིང་ཅིང་། སྐུ་བསོད་ཆེ་བར་གྲགས། ལྔ་བཅུ་ང་དགུ་བཞེས་པ། ཆུ་ཕོ་བྱི་བའི་ལོ་ལ་སྣེ་གདོང་རྩེར་སྐུ་གཤེགས་སོ། །དགེ་ལེགས་འཕེལ་བར་གྱུར་ཅིག། །།