R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 272
[A:272]ལྷ་པའི་བླ་རབས་དང་། ཆོས་རྒྱུད་བྱོན་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། ལྷ་པའི་ཐོག་མ། གཉོས་ལོ་ཙཱ་བ་རིན་ཆེན་གྲགས་པས། རྒྱ་གར་དུ་བྱོན་ནས། སློབ་དཔོན་ཆེན་པོ་བྷ་ལིང་ཏ་ཨ་ཙརྱ་ལ། ཆོས་དོན་ཐོག་ཏུ་དྲིལ་ལ། ཁ་ཟིན་ཆེ་བ་ཞིག་ཞུ་བྱས་པས། གསང་འདུས་ཡེ་ཤེས་ཞབས་ཀྱི་སྐོར་གནང་། ལས་ཁ་ཚར་ཚང་བ་ཞིག་ཞུ་བྱས་པས། གཤིན་རྗེ་དགྲ་ནག་གནང་། ལ་ཆུང་ཞིག་གི་ཙ་ན་དགྲ་ཡོད་པས། བཀའ་བསྲུང་ཞིག་ཡང་ཞུ་བྱས་པས། འཇིགས་བྱེད་ལ་ཊཀ་ཤད་སྦྲེལ་ནས་གནང་། ཕག་རྒྱུད་སྐོར་གསུམ་ཞེས་གྲགས་ཏེ། དར་ཞིང་རྒྱས་པར་མཛད། དེའི་སྲས་སློབ་དཔོན་རྡོ་རྗེ་བླ་མ། ཕ་རྒྱུད་སྐོར་གསུམ་ལ་མཁས་ཞིང་། བོད་ཀྱི་མི་ཆེན་བཞིར་གྲགས་པའི། ཡ་བ་ཞིག་ཡིན། དེའི་སྲས། དཔལ་སེང་གེའི་སྲས། གཉོས་ནག་གྲགས་པ་དཔལ། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་སྐྱེ་ཡིན་པར་ཞང་རིན་པོ་ཆེའི་ལུང་བསྟན། ཁོང་གིས་སྲས། རས་ཆེན་གཉོས་ལྷ་ནང་བ་དེ། རྒྱ་གར་གྱི་ནག་པོ་སྤྱོད་པ་ཆུང་བ་ཡིན་པར་ཞང་རིན་པོ་ཆེའི་ལུང་བསྟན་འདུག་ཅིང་། ཙ་རིར་བྱོན་དུས་མཁའ་འགྲོ་མས་ཀྱང་ལུང་བསྟན་ཏོ། །ཞང་གི་དྲུང་དུ་བསྙེན་རྫོགས་མཛད། འབྲི་ཁུང་ཆོས་རྗེའི་དྲུང་དུ། ནཱ་རོ་ཆོས་དྲུག་གསན། ཙ་རི་ཏི་སེ་སོགས་ལ་བྱོན། སྒྲུབ་པ་ནན་ཏན་ཆེ་བར་མཛད། མོན་གྱི་པ་གྲོ་བཅལ་ཁ་ལ་སོགས་པར། ཚོགས་པ་ཡང་ཐོག་རེ་བསྐྱངས། བྱང་དུ་ལྷ་ནང་བཏབ། ལྷ་པ་ཉིས་སྟོང་བརྒྱད་བརྒྱར་གྲགས་པ་ཡང་དེ་ནས་བྱུང་། ཁོང་