[A:275]ནས་བཟུང་སྟེ་སྤྱིར་རྒྱ་གར་དང་བལ་པོར་ཐེང་བདུན་བྱོན་ཞིང་། རྗེ་བཙུན་ཤྲཱི་ཛྙཱ་ན་དང་། བཻ་རོ་ཙ་ན་རཀྵི་ཏ་ལ་སོགས་པ། ཁྱད་པར་ཅན་གྱི་བླ་མ་བརྒྱ་ལྔ་བཅུ་དང་། རྩ་བའི་བླ་མ་རྣམ་བཞི། འགྲན་གྱི་ཟླ་མེད་ཡེ་ཤེས་ཀྱི་ཌཱ་ཀི་མ། ཞལ་གཉིས་རྣམས། མོས་གུས་དང་གསེར་སྲང་མང་པོས་མཉེས་པར་བྱས་ནས་གང་ལ་གང་འདོད་ཀྱི་ཟབ་ཆོས། བཀའ་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་གནང་ཞིང་། ཁྱད་པར་དུ་རྒྱལ་སྲས་མི་ཏྲི་པ་དང་། དཔལ་ཤ་བ་རི་པས་ཆོས་སྐྱོང་ཕྱག་དྲུག་པའི་སྐོར་ཚང་མ་དང་། མཁའ་འགྲོ་རྣམ་གཉིས་ཀྱིས་བྱིན་གྱིས་བརླབས། གསང་ཡུམ་མཛད། ཆོས་དྲུག་གི་ཁྲིད་ཚང་མ་གནང་། ཁྱོད་ནས་མི་རབས་ལྔའི་བར་ལ་ཆིག་རྒྱུད་ལས་མ་སྤེལ་ཅིག་གསུངས། བཀའ་རྒྱ་བསྡམས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ནས། བོད་ལ་བྱོན། མངའ་རིས་སུ་ཇོ་བོ་རྗེ་དང་མཇལ། གདམས་པ་ཞུས། གླང་རི་ཐང་པའི་དྲུང་དུ་བསྙེན་རྫོགས་ཞུས། འཇོག་པོའི་རི་ལ་སྒྲུབ་པ་མཛད། ཆ་དཀར་དགོན་པ་བཏབ། མཁའ་འགྲོའི་ལུང་བསྟན་བྱུང་ནས། དཔོན་སློབ་སུམ་སྟོང་གི་ཡན་བྱོན། ཤངས་སུ་ཞོང་ཞོང་དགོན་པས་འགོ་བྱས། གནས་དགོན་བརྒྱ་རྩ་བཏབ། གྲྭ་སློབ་མང་དུས་ཁྲི་ཚོ་བདུན་བརྒྱད་འཚོགས། དེ་ཐམས་ཅད་ཆོས་ཀྱིས་ཚིམ་པར་མཛད། དེ་སྐབས་ཌཱ་ཀི་མ་ཀུན་ཏུ་བཟང་མོ་བྱོན་ནས། ཚོགས་པའི་མཐར་ཐུག་ཁྲི་ཚོ་བརྒྱད། །སློབ་མའི་མཐར་ཐུག་ལྔ་བརྒྱ་དང་། །ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། ། ཞིང་ཁམས་མཐར་ཐུག་བདེ་བ་ཅན། །ཞེས་གསུངས་པ་དེ་རྣམས་འཛོམས་ཤིང་དུས་ལ་བབས་པར་མཁྱེན་ནས། སློབ་མའི་ཐུ་བོ་རྨིའུ་སྟོན་པ་དང་། གཡོར་པོ་རྒྱ་མོ་ཆེ་སྔུལ་སྟོན་རིན་དབང་། ཞང་སྒོམ་ཆོས་སེང་། ལས་སྟོད་པ་དཀོན་མཆོག་མཁར་དང་ལྔ། ཆིག་རྒྱུད་ཀྱི་བཀའ་བབས་པ།