[A:274]ཤངས་པ་བཀའ་བརྒྱུད་རིན་ཆེན་བདུན་བྱོན་ཚུལ་བཞུགས་སོ། ། ན་མོ་རཏྣ་གུ་རུ། ཟབ་དོན་ཐར་ལམ་ཉེ་བ་མཁའ་འགྲོའི་ཆོས། །སྒྱུ་ལམ་རྨི་ལམ་སྤྲུལ་སྒྱུར་དབང་འབྱོར་ཞིང་། །ཆོས་སྐྱོང་མགོན་པོའི་འཕྲིན་ལས་ལེགས་བསྒྲུབས་པ། །ཤངས་པ་བཀའ་རྒྱུད་བྱོན་ཚུལ་ཟུར་ཙམ་འབྲི། །དེའང་ཤངས་པའི་ཆོས་སྐོར་ཞེས་བྱ་བ། རྒྱུད་ཐག་ཉེ་ཞིང་། རྒྱུད་པ་བཀའ་བབས་དང་ལྡན་པ། གདམས་ངག་ནུས་པ་དང་ལྡན་པ། མཁའ་འགྲོའི་བྱིན་རླབས་དང་ལྡན་པ། འདིའི་བྱུང་ཚུལ་བླ་མ་བརྒྱུད་པའི་རྣམ་ཐར་ཟུར་ཙམ་བསྟན་པ་ནི། ཐོག་མར་སངས་རྒྱས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དང་། སུ་ག་སིདྡྷི་ལ་གསུངས་ཤིང་། དེ་གཉིས་ཀྱི་ཞལ་དངོས་སུ་བསྟན་ནས་གསུང་བ་ནི། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱི་འཁྲུང་ཡུལ་ནི། སྙེ་མོ་ར་མངས། རིགས་ནི་བོན་པོ། རུས་ནི་ཁྱུང་པོ། ཡབ་ཁྱུང་པོ་སྟག་སྐྱེས་དང་། ཡུམ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་འཁྲུངས་མ་ཐག་ཏུ། གྲུབ་ཐོབ་ཨ་མོ་གྷ་པས་ལུང་བསྟན། ཡིག་རྩིས་ལ་སོགས་མཁས་པར་མཁྱེན། བོན་དང་། ཕྱག་རྒྱ་ཆེན་པོ་ཞུས་པ་ལ་ཐེ་ཚོམ་རེ་ཙམ་འཁྲུངས་ནས། རྒྱ་གར་ལ་ཆོས་འཚོལ་དུ་བྱོན། པཎྜི་ཏ་མ་ཐུ་བཛྲ་དང་། བླ་མ་རྡོ་རྗེ་གདན་པའི་དྲུང་དུ་མཇལ། མ་ག་དྷར་དགེ་ཚུལ་ཞུས། མཚན་ཚུལ་ཁྲིམས་མགོན་པོར་བཏགས་པས། བླ་མས་ཤངས་ཁྲག་ཤོར་ནས། ཁྱུང་པོ་རྣལ་འབྱོར་ལ་མཚན་དཔོད་མ་ཐུབ། དེ་