[A:277]བྲག་ལ་ལོ་བཅུ་གཉིས་ཀྱི་བར་ལ་ལྟོ་གོས་འཕྲི་བ་བཅད་ནས། རྩེ་གཅིག་ཏུ་སྒྲུབ་པ་མཛད། ཟད་སར་གྱི་སྤྲུལ་སྒྱུར། ནམ་མཁའ་ལ་སྐྱིལ་ཀྲུང་དུ་བཞུགས། སློབ་མ་མཁས་པ་དྲན་དོན། དབུས་པ་རྡོ་སེང་ལ་སོགས་པ་མང་དུ་བྱུང་ཞིང་། དེ་རྣམས་ཀྱི་ནང་ནས། ཆིག་རྒྱུད་ཀྱི་གདམས་པ་དབོན་སྟོན་སྐྱེར་སྒང་པ་ལ་ཕོག གྲྭ་སློབ་མང་ནས་རྨོག་ཅོག་ཏུ་མ་ཤོང་བར། སྐུང་ལུང་དགོན་པ་བཏབ། བསྟན་པ་དང་འགྲོ་བའི་དོན་དར་ཞིང་རྒྱས་པར་མཛད། བདེ་བ་ཅན་དུ་གདན་འདྲེན་བྱུང་ནའང་མ་བྱོན་པར། དེར་རྟིང་ལོ་གསུམ་གྱི་བར་ལ་ཆོས་གསུངས་ནས། ང་འདས་པ་དང་མངོན་དགར་གསོལ་བ་ཐོབ་གསུངས་ནས། ཚེས་བཅོ་བརྒྱད་ཀྱི་སྲོད་ལ། འགྲོ་རུས་བཙན་གྱི་སྙོན་དྲིས། ལན་གནང་། ཐོ་རངས་བདེ་བར་གཤེགས་སོ། །དེའི་ཐུགས་སྲས་དམ་པ་སྐྱེར་སྒང་པ། དབོན་སྟོན་ཐུགས་རྗེ་ཆེན་པོ་ནི། འཁྲུངས་ཡུལ་ནང་གོང་རྣམས་པ། རུས་པ་འབལ། དགུང་ལོ་བཅུ་བདུན་ལ། ཁུ་བོ་འབལ་ཐམས་ཅད་མཁྱེན་པའི་དྲུང་དུ་རབ་ཏུ་བྱུང་། མཚན་ཆོས་ཀྱི་སེང་གེ་བཏགས། དེས་གདན་ས་བྱེད་དགོས་པས། ཐོས་པ་གྱིས་ཟེར་ནའང་། ལྷ་སའི་བྲག་ལྷ་ཀླུ་ཕུག་ཏུ་ལྕེ་སྒོམ་རྫོང་པ་ལ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུས། རྩེ་གཅིག་སྒྲུབ་པས། ཟླ་བ་ཕྱེད་དང་བཞི་ནས། གཙོ་འཁོར་གསུམ་པོ་ཞལ་མཐོང་། བླ་མ་ཙ་རི་རས་པ་དང་། རྟོགས་ལྡན་ཞང་ལ་སོགས། བླ་མ་མང་དུ་བསྟེན། རྨི་ལམ་བཟུང་ནས། བློ་དཔོན་པདྨ་ལ་སོགས་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ལ་ཆོས་ཞུས། ཡི་དམ་མཁའ་འགྲོ་མང་པོའི་ཞལ་མཐོང་། ཞིང་ཁམས་གནས་ཆེན་མང་དུ་བསྟན། བྷ་རུ་ནས་སྦྱིན་བདག་བྱས། སྨྱོན་པ་བརྒྱད་ཅུ་བཏུལ། མཆོག་ཏུ་སྐུ་དྲིན་ཆེ་བས། བླ་མ་རྨོག་ཅོག་པས། མཁའ་འགྲོའི་ཟབ་ཆོས་ཆིག་རྒྱུད་ཀྱི་ཐོག་དྲངས་པའི། གདམས་