[A:283]སྤྲིས་མ་གསེར་གྱི་ས་གཞི་ནི། །རྔམས་སུ་དཔག་ཚད་སུམ་འབུམ་ཉིས་ཁྲི་དང་། །ཐད་ཀའི་ཚད་ནི་འོག་གི་ཚད་དང་མཉམ། །གཉིས་ཀའི་མཐས་སྐོར་ཐད་ལ་གསུམ་འགྱུར་རོ། །རླུང་གི་དཀྱིལ་འཁོར་མི་མཇེད་འཇིག་རྟེན་ཁམས། །ས་ཆུའི་དཀྱིལ་འཁོར་གླིང་བཞི་རི་རབ་གདན། །གསེར་གྱི་ས་སྟེང་ཆར་ཕབ་རྒྱ་མཚོར་གྱུར། །རླུང་གིས་བསྲུབས་པའི་ཁམས་རབ་འདུས་རི་རབ། །འབྲིང་འདུས་པ་ལ་གསེར་གྱི་རི་བདུན་དང་། །ཐ་མའི་ལྕགས་རི་སྣ་ཚོགས་འདུས་པའི་གླིང་། །རིམ་པར་ཆགས་ཞིང་ལྷུན་པོའི་ཤར་ཕྱོགས་དངུལ། །ལྷོ་བཻ་ཌཱུརྱ་ནུབ་ལ་ཤེལ་དམར་པོ། །བྱང་ཕྱོགས་གསེར་དང་རི་བདུན་གསེར་འབའ་ཞིག །གླིང་བཞི་གླིང་ཕྲན་དང་བརྒྱད་ཕལ་ཆེར་བ། ཁོར་ཡུག་ལྕགས་རི་ལྕགས་ལ་རི་རབ་གྱི། །དཔངས་ལ་དཔག་ཚད་དག་ནི་ཆིག་འབུམ་དང་། །དྲུག་ཁྲི་ཡོད་པ་མཚོ་མཚམས་ཡར་མར་ཕྱེད། །རི་བདུན་མཐོ་ཤོས་གཉའ་ཤིང་འཛིན་གྱི་དཔངས། །དཔག་ཚད་བཞི་ཁྲི་དེ་ནས་ཤོལ་མདའ་འཛིན། །སེང་ལྡེང་འཛིན་དང་རྟ་སྣ་སྡུག་རི་དང་། །རྟ་སྣ་རྣམ་བདུད་མུ་ཁྱུད་འཛིན་རྣམས་ལ། །རིམ་བཞིན་ཕྱེད་མར་ཕྱི་མ་ལྕགས་རིས་དཔངས། །དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡོད། །ཐད་ཀའི་ཚད་རྣམས་དཔངས་དང་མཉམ་པའོ། །རི་བདུན་བར་གྱི་མཚོ་བདུན་ཁ་ཞེང་ལ། །ནང་མ་དཔག་ཚད་བརྒྱད་ཁྲི་དེའི་ཕྱི་མར། །རིམ་བཞིན་ཕྱེད་འཕྲི་རི་རབ་རི་བདུན་པོ། །མཚོར་བཅས་གྲུ་བཞི་ལྕགས་རི་སྒོར་མོར་གནས། །མུ་ཁྱུད་འཛིན་དང་ལྕགས་རི་བར་གྱི་ཚད། །དཔག་ཚད་སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡོད། །ལྕགས་རིའི་ནང་ན་བ་ཚྭ་ཅན་གྱི་མཚོ། །མཚོ་གཅིག་རྒྱ་མཚོ་ཆེན་པོ་བཞིར་གྲགས་པ། །ལྷུན་པོའི་ཕྱོགས་བཞིའི་ངོས་ཀྱི་ཁ་དོག་བཞིན། །མཚོ་དང་གླིང་རྣམས་དེ་དང་མཐུན་པའི་