R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 54
[A:54]པས་ཁྱོད་ལ་སྦྱིན་པར་བྱའོ་ཟེར་ནས་བྱིན། མིང་ཡང་རྒྱལ་པོ་ས་ལས་ནུར་བཏགས། དེ་ཆེར་སྐྱེས་པ་དང་ལི་ཡུལ་འཚོལ་བ་ལ་རྒྱ་རྗེས་བརྫངས། དམག་སྟོང་ཕྲག་བཅུ་དང་བཅས་ཏེ་ནུབ་ཕྱོགས་སུ་ཕྱིན། ལི་ཡུལ་མེ་དཀར་དུ་སླེབས་པའི་དུས་སུ། རྒྱ་གར་དུ་རྒྱལ་པོ་དྷརྨ་ཀོ་ཀས། བློན་པོ་ཡཀྵ་བྱ་བ་ལ་ཉེས་ཕབ་ནས། དེ་སྤུན་ཕ་ཁུ་ཉེ་འཁོར་དང་བཅས་པ་བདུན་བརྒྱ་ཙམ་སྤྱུགས། ཤར་ཕྱོགས་སུ་ཡུལ་འཚོལ་བ་ལ་ཡོང་། འུ་ཐན་གྱི་ཤེལ་ཆབ་གོང་མ་ན་ཡོད་པ་དང་། ས་ལ་ནུའི་འཁོར་གཉིས། བ་སྦྲུམ་མ་བྲོས་པ་འཚོལ་དུ་འོང་བ་དང་འཕྲད། རྒྱུ་མཚན་བསྙད་པས། ངེད་གཉིས་སྔར་ནས་རྒྱལ་བློན་གྱི་རྒྱུད་དུ་འདུག་པ། དའང་རྗེ་འབངས་བྱེད་པར་རིགས་ལ། འུ་ཐན་གྱི་གཞོང་འདིར་ཡུལ་སར་བཟུང་བར་བྱའོ་ཟེར་ནས། ཀོ་ཉའི་འོག ཡུལ་ཧང་མུ་ཛེ་བྱ་བར་མཇལ། རྒྱལ་བློན་བྱེད་པར་བཤམས་པས། སྔན་མ་ཡུལ་བགོས་ལ་མ་འཆམས། རྣམ་སྲས་དང་དཔལ་ལྷ་མོས་སྡུམ་བྱས་ཏེ། འུ་ཐན་ཤེལ་ཆུ་གོང་མ་མན་ཆད། རྡོལ་མེ་སྐར་དང་། སྐམ་ཤ་ཡན་ཆད་ས་ལ་ནུར་འཁོར་རྒྱ་ནག་པ་ལ་ཕྱེ། ཤེལ་ཆུ་གོང་མ་ཡན་ཆད། ཀོ་ཤེལ་མན་ཆད་ཡཀྵའི་འཁོར་རྒྱ་གར་པ་ལ་ཕྱེ། ཤེལ་ཆུའི་དབུས་ནི་རྒྱལ་བུ་རང་རྒྱ་དཀར་ནག་གི་བློན་འབངས། སྟོད་རིམ་འདྲེས་མ་དང་བཅས་པས་བཟུང་ཏེ། ཡུལ་བཏབ་མཁར་རྩིག རྒྱ་དཀར་ནག་འཕྲད་པའི་དབུ་ནི་ཡིན་ཏེ། སྐད་ནི་གཉིས་ཀ་མཐུན། ལི་སྐད་ཐོག་མ་འཇམ་དཔལ། དགེ་སློང་བཻ་རོ་ཙ་ནར་སྤྲུལ་ནས། བྱིས་པ་ལ་བསླབ་པས་འཕགས་པའི་གསུངས་ལས་ཆད་པ། ཡི་གེ་དང་ཆོས་ལུགས་ནི་རྒྱ་གར་བ་དང་ཤས་ཆེར་མཐུན་ལ། འཇིག་རྟེན་པའི་ལུགས་ནི་རྒྱ་ནག་པ་དང་ཤས་ཆེར་མཐུན་ནོ། །སངས་རྒྱས་འདས་ནས་རྒྱལ་པོ་ས་ལ་ནུ་ལོ་བཅུ་དགུ་པས་ལི་རྗེ་