[A:55]བྱས་པ་ཡན་ལ་ལོ་ཉིས་བརྒྱ་ལྔ་བཅུ་རྩ་བཞི་སོང་ཞིང་། རྒྱལ་པོ་ས་ལ་ནུ་དང་། བློན་པོ་ཡཀྵ་ནི་ལིའི་རྒྱལ་བློན་གྱི་ཐོག་མའོ། །དེ་ནས་ས་ལ་ནུའི་བུ། རྒྱལ་པོ་ཇི་ཛ་ཡ་སམ་བྷ་ཝ་བྱུང་བ། རྒྱལ་སར་ཞུགས་ནས་ལོ་ལྔ་སོང་བ་དང་། ལི་ཡུལ་དུ་ཆོས་ཀྱི་ཐོག་མ་བྱུང་སྟེ། དེ་ཡང་བྱམས་པ་རྒྱལ་པོ་ཛ་ཡ་དང་། འཇམ་དཔལ་དང་འཕགས་པ་བཻ་རོ་ཙ་ནར་སྤྲུལ་ནས། སྔོན་ལ་ཕྱུགས་རྫི་བྱས་པ་ལ། སྐད་དང་ཡི་གེ་བསླབས། དེ་ནས་དམ་ཆོས་དབུ་བརྙེས་རིམ་པར་བྱུང་ངོ་། །རྒྱལ་པོ་དེས་ཙར་མའི་གཙུག་ལག་ཁང་བཞེངས། དེའི་ནང་ན་ཀླུ་རྒྱལ་ཧུ་ལོར་གྱིས་ཁ་ཆེ་ནས་ནམ་མཁའ་ལ་སྤྱན་དྲངས་པའི་མཆོད་རྟེན་བྱིན་རླབས་ཅན་ཡང་བཞུགས་ལ། ལི་ཡུལ་དུ་གཙུག་ལག་ཁང་དང་། མཆོད་རྟེན་གྱི་ཐོག་མའོ། །དེ་ནས་རྒྱལ་རབས་བདུན་གྱི་བར་ལ། གཙུག་ལག་ཁང་མང་དུ་བརྩིགས་སོ། །བྱམས་པ་རྒྱལ་པོ་བི་ཛ་ཡ་བིརྱ་ཞེས་པར་སྤྲུལ་ནས། བསྟན་པའི་བྱ་བ་རྒྱ་ཆེར་བྱས་ཤིང་། གྷུང་ཏིར་གྱི་གཙུག་ལག་ཁང་བཞེངས། མཆོད་རྟེན་གོང་མ་ས་ལ་གྷནྡྷའི་བསྔགས་པ་བརྗོད་པས། རྒྱལ་པོ་དད་དེ། གླང་མགོ་རིའི་སྟེང་དུ། གྱིའུ་ཤན་གྱི་གཙུག་ལག་ཁང་བཞེངས་སོ། །དེ་ནས་རྒྱལ་རབས་གཉིས་ཀྱི་བར་ལ་གཙུག་ལག་ཁང་མང་པོ་བརྩིགས། དེ་རྟིང་རྒྱལ་པོ་བི་ཛ་ཡ་ཛས། མ་ཞའི་མཆོད་རྟེན་དང་གཙུག་ལག་ཁང་བཞེངས་སོ། །རྒྱལ་པོ་དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་འདོན་འགྲོས། བར་པ་དར་མ་ནན་ཏིར་གཉིས། རྒྱ་གར་དུ་ཆོས་སློབ་པ་ལ་བྱོན། ཆུང་བ་བི་ཛ་ཡ་དར་མས་རྒྱལ་སྲིད་བཟུང་། དཔའ་རྩལ་ཆེ་ཞིང་གསོད་པ་ལ་སྐྱེ་ན་པས་སྡིག་ཆེ། ཕུ་བོ་དར་མ་ནན་ཏིར་གྱིས་དགྲ་བཅོམ་པ་ཐོབ་ནས། ཐབས་ཀྱི་བདུད་བཏུལ། སྡིག་བཤགས་བྱེད་དུ་བཅུག་ཏེ། དྲོ་ལྡིར་གྱི་གཤོངས་ན། སྔོན་ཐུབ་པ་ཆེན་པོས་རྒྱལ་