R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 63
[A:63]གར་དུ་ཕེབས་པའི་ཚེ། ཙན་དན་གྱི་སྐུ་དེ་བཞེངས་ནས་དབུ་བཏུད་ཏེ་སྤྱི་བོར་ཕྱག་བཞག་ནས་སྟོན་པ་མྱ་ངན་ལས་འདས་རྟིང་། ལ་སྟོང་ལོན་པའི་ཚེ། སྐུ་འདིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་ལོ་སུམ་ཅུ་སོ་བརྒྱད་སོང་བའི་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས་སོ། ། དེ་ནས་ཆུ་མོ་ཕག་ལ་སེ་ཆེན་རྒྱལ་པོ་རྒྱལ་སར་ཕེབས་ནས། ལོ་ངོ་ཕྱེད་དང་གསུམ་འགྲོ་དུས་བརྩིས་པ་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་བཅུ་གསུམ་སོང་། ཙན་དན་ཇོ་བོ་བཞེངས་ནས་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འགྲོ་ཟེར་བ། རྒྱའི་ཙན་དན་ཇོ་བོའི་ལོ་རྒྱུས་ལ་ཡོད་པར་སྣང་། ཆུ་མོ་ཕག་ནས་ཚལ་པའི་ཆོས་འབྱུང་། མེ་ཕོ་ཁྱི་ལོ་ལ་བརྩིས་པ་ཡན་ལ། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་འགྲོ་བར་འདུག དེ་ནས་དེང་སང་ཤིང་ཕོ་སྟག སྲོག་རྨེ་བརྒྱད་དཀར་དབུས་ན་ཡོད་པའི་གོང་དཀར་བ་ལ་སྐྱེས་ནས། དབུས་གཙང་བདེ་དོག་ཆེན་མོ་ལངས་པའི་ལོ་འདི་ཡན་ལ་ལོ་བརྒྱད་ཅུ་གྱ་དགུ་སོང་འདུག ཀུན་དྲིལ་བས་སྟོན་པ་ས་ཕོ་འབྲུག་ལ་འཁྲུངས་ནས། ད་ལན་ཤིང་ཕོ་སྟག་ལོ་འདི་ཡན་ལ། ལོ་གྲངས་སུམ་སྟོང་ལྔ་བརྒྱ་གྱ་ལྔ་སོང་འདུག རྒྱ་ནག་ཏུ་ཅེའུ་ལ། རྒྱལ་པོ་སུམ་ཅུ་སོ་དྲུག་བྱུང་། ལོ་བརྒྱར་སྲིད་བཟུང་། དེ་ནས་ཆིན་ཧྲི་ཧྭང་གི་རྒྱལ་པོ་གཉིས་བྱུང་། དེ་ནས་ཧན་ཀའོ་ཛུང་ཞེས་པ་ནས་བཟུང་སྟེ། རྒྱལ་རབས་བཅུ་བཞི་བྱུང་། དེ་ནས་བློན་པོ་གཅིག་གི་ངོ་ལོག་བྱས་ནས། ལོ་བཅོ་བརྒྱད་རྒྱལ་ས་བཟུང་། ཕྱིས་ཧན་གྱི་རྒྱུད་པ། སླེའུ་གོང་བུས། བློན་པོ་ཨང་མང་བསད་ནས། དེས་རྒྱལ་སྲིད་བཟུང་བ་ལ། བུ་ལྔ་བྱུང་བའི་ཆུང་བ་ལ་བུ་ཧན་མིན་ཏི་རྒྱལ་པོ་བྱུང་། དེ་དུས་པཎྜི་ཏ་ཛུ་ཧ་ལམ་བྱ་བ་བདེན་པ་མཐོང་བ་གཉིས་ཀྱི། རྒྱ་གར་ནས། རྟ་དཀར་པོ་གཅིག་ལ་ཐེག་པ་ཆུང་ངུའི་