R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 62
[A:62]བློ་ལྡན་རྒྱ་ནག་གི་རྒྱལ་རབས་བཞུགས་སོ། ། ན་མོ་ཨརྱ་མཉྫུ་ཤྲཱི་ཡེ། བློ་གྲོས་མཁྱེན་བརྩེའི་འོད་ཀྱི་འགྲོ་ཀུན་གྱིས། །བློ་ངན་མ་རིག་མཐུག་པོ་རབ་བསལ་ནས། །བློ་གསལ་སྤོབས་པའི་སྣང་བ་མཆོག་སྩོལ་བའི། །བློ་ལྡན་འཇམ་དབྱངས་ཞབས་ལ་གུས་བཏུད་ནས། །དེ་ཡི་ཞིང་མཆོག་རི་བོ་རྩེ་ལྔ་ཞེས། །དེ་ལྟའི་འཁོར་ཡུག་རྒྱ་ནག་ཐང་གི་ཡུལ། །དེ་ཉིད་བཟུང་འཛིན་རྒྱལ་རྒྱུད་བྱུང་ཚུལ་རྣམས། །དེའང་འདིར་མདོར་བསྡུས་དོན་གསལ་འབྲི་བར་བྱ། རྒྱ་ནག་པོའི་ཡིག་ཚང་ལ། ཅེ་ཧུ་ཝང་ཞེས་པའི་རྒྱལ་རབས་བཞི་པ།ཤིང་ཕོ་རྟ་ལོ་ལ་རྒྱལ་སར་བཏོན་ནས། ལོ་ཉི་ཤུ་རྩ་གཅིག་ལོན་པའི་དུས་སུ། ཤིང་ཕོ་སྟག་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ། རྒྱ་གར་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་རྒྱལ་བུ་དོན་གྲུབ་ཏུ་སྤྲུལ་ནས་སྐུ་འཁྲུངས། དེའི་འོད་དང་ཆོ་འཕྲུལ་རྣམས་རྒྱ་ནག་ཡུལ་དུའང་མཐོང་བས། རྩིས་བྱས་དུས། སངས་རྒྱས་འབྱོན་པར་ཤེས་ཤིང་། དེའི་བསྟན་པ་རྒྱ་ནག་ཏུའང་འོང་བར་འདུག་ཟེར། རྒྱལ་བུ་དོན་གྲུབ་དགུང་ལོ་ཉི་ཤུ་རྩ་དགུ་པར་རབ་ཏུ་བྱུང་། སུམ་ཅུ་སོ་ལྔ་ལ་སངས་རྒྱས། དེ་ནས་ལོ་བདུན་འདས་པ་ནས། ཡུམ་ལ་ཆོས་འཆད་པའི་དོན་ལ་ལྷ་ཡུལ་དུ་བྱོན། ཟླ་བ་གསུམ་བཞུགས། དེའི་ཤུལ་དུ་རྒྱལ་པོ་ཨུ་ཊ་ཡ་ནས་མོའུ་འགལ་གྱི་བུ་ལ་བསྐུལ་ནས། ལྷའི་ཡུལ་དུ་སངས་རྒྱས་ཀྱི་སྐུ་ཚད། ཙན་དན་གོ་ཤིརྵ་ལས་བཞེངས་ཏེ་མི་ཡུལ་དུ་གདན་དྲངས། བཅོམ་ལྡན་འདས་ལྷ་ལས་བབས་ནས་རྒྱ་