[A:68]བོད་རྒྱལ་མང་སྲོང་གི་དུས་སུ། རྒྱ་བོད་གཉིས། རེ་འགའ་མཐུན། རེ་འགའ་དམག་འཁྲུག་རྩོད་པ་མང་དུ་བྱུང་། རྒྱའི་བློན་པོ། དཔྱ་ཞིན་གུས་ལ་དམག་ཁྲི་ཚོ་བཅུ་སྐུར་ནས། ལྷ་སའི་བར་དུ་སླེབས་པ། བོད་ཀྱི་བློན་པོ། མགར་གྱི་བུ་ཆེ་བའི་དམག་དཔོན་བྱས། རྒྱ་དམག་ཐམས་ཅད་ཕམ་པར་བྱས། ཆི་ཀོའུ་ཛུང་གི་ས་མོ་བྱ་ནས་ལོ་སུམ་ཅུ་སོ་བཞི་སྲིད་བཟུང་། ལྔ་བཅུ་ང་དྲུག་ཆུ་མོ་ལུག་ལ་འདས། སྔར་ཐའི་ཛུང་གི་བཙུན་མོའི་འཁོར་ན་ཡོད་པ་ཞིག ཐའི་ཛུང་འདས་ནས་བན་མོར་ཡོད་པ་ལ་བབས་ནས། ཀོའུ་ཛུང་གི་བཙུན་མོ་བྱས་པ་ལ། བུ་ཛུ་ཛུང་དང་། ཝི་ཛུང་དང་། བུ་མོ་ཐའི་ཕིང་དང་། གསུམ་ཡོད་པ་ལས། རྒྱལ་པོས་བུ་ཆེ་བ་ལ་རྒྱལ་ས་སྐོས་ཟེར་བའི་ཁ་ཆེམས་ཡོད་ཀྱང་མ་ཉན་པར། མོ་རང་གིས་རྒྱལ་མོ་བྱས། རུས་ཝུ་ཡིན་པས། ཝུ་ཛི་ཐན་ཞེས་བྱའོ། །རྒྱལ་མོ་དེས་དམག་ཁྱེར་ནས། བོད་ལ་སོང་བའི་རྒྱལ་ཁམས་མང་པོ་ཕྲོགས། དེ་དུས་བོད་རྒྱལ་འདུས་སྲོང་མང་པོ་རྗེ་གཞོན་རིན་ལ་བློན་པོ་མགར་གྱི་བུ་སྤུན་ཚ་བོ་དང་བཅས་པ་ནས་དབང་ཆེས། ཕྱིས་རྒྱལ་པོས་སྐྱོན་ཡོང་བར་གོ་ནས། མགར་གྱི་བུ་ཆེ་བ་ལྕེབ་ནས་ཤི ནུ་བོས་གཅེན་པོའི་བུ་ཚ་བོ་མང་པོ་རྗེ་དམག་དང་བཅས་པ་ཁྱེར། རྒྱའི་རྒྱལ་མོ་ལ་ངོ་བལྟས་པས། ཀུན་དེ་ཁུན་དབང་ཞེས་པ་བྱིན་ནས་བློན་པོར་བསྐོས། ཚ་བོ་མང་པོ་རྗེ་ལ་གཡོན་ཕྱོགས་དཔའ་བོ། ཛའུ་ལིང་ཏི་ཙང་ཀུན་ངན་གུའི་གུང་ཞེས་པའི་མིང་བྱིན། ཁོ་གཉིས་ལ་ཕྱིས་ཉེས་པ་བྱས་ཀྱང་། སྐྱོན་མེད་པའི་རྟགས་ལ་ལྕགས་ཀྱི་ཡི་གེ་བྱིན་པའོ། །རྒྱལ་མོ་ཝུ་ཇི་ཐན་གྱིས་ཤིང་ཕོ་སྤྲེའུ་ལོ་ནས་ལོ་ཉི་ཤུ་རྩ་གཅིག་རྒྱལ་ས་བྱས། བརྒྱད་ཅུ་པ་ཤིང་ཕོ་འབྲུག་ལ་འདས་སོ། །གཏམ་རྒྱུད་གཞན་ལ། རྒྱལ་མོ་འདི་ལ་བུ་བོང་སྣ་ཅན་གཅིག་སྐྱེས་ནས་ངོ་ཚ་ནས་བསོད་དུ་བཏང་བས། བོད་ཀྱི་བློན་པོ་ཆེ་བ་གཅིག་ཡོད་པ་དེས་ཕག་ཏུ་ཉར་ར་བྱས། ཕྱིས་མོ་རྒས་དུས། ཐང་གི་