R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 76
[A:76]ཏེ། ག་ཛུ་རྒྱལ་པོ་ཞེས་པར་བཏགས་ཏེ། དེ་ནས་རྒྱལ་རབས་དྲུག་ནས། མི་ཉག་རྒྱལ་རྒོད་བྱུང་། དེའི་དུས་སུ་སི་ནོ་ཝ། བོད་སྐད་དུ་སེམས་ནག་པོའི་ར་ཞེས་པ་ལ་སྐྱེས་པའི་མིའི་རྒྱལ་པོའི་བློན་པོ་བྱས་ནས། རྒྱལ་པོ་གསོད་པར་འགྱུར་ཞེས་པ་ལ།རྒྱལ་རྒོད་ཀྱི་ཚོར་ནས། རི་དེ་ལ་ཡོད་པའི་མི་ཐམས་ཅད་བསད་ན་ཨེ་འཐད་ཅེས།ཐའི་ཧུ་རྒྱལ་པོ་ལ་ཞུས་པས་ཁོང་ཆོས་ལ་དཀར་བས་མ་ཉན། དེ་ནས་རྒྱལ་པོས། བྱང་ངོས་སུ་སྡོད་མ་ནུས་པར། གྷ་རུ་འཕོས་ཀྱང་ཕྱིས་རི་དེ་ལ་སྐྱེས་པའི་མི་ཞིག་ཡོད་པ་མ་ཚོར་བ་ལ་བློན་པོ་ཐོབ་ནས། དེས་མི་ཉག་རྒྱལ་རྒོད་བསད། དེའི་རྗེས་སུ་རྒྱུད་ཆད་ནས། ཐོ་འཛིན་ཞེས་པའི་རྒྱལ་པོ་གཞན་གཅིག་བྱུང་བ། དེའི་ལག་ནས་ཧོར་ཇིང་གིར་རྒྱལ་པོས། རྒྱལ་ས་ཕྲོགས་ཏེ། མི་ཉག་ཐོ་ཛི་རྒྱལ་པོ་སྲོག་མེ་ཡིན། ཇིང་གིར་རྒྱལ་པོ་སྲོག་ཆུ་ཡིན་པའི་དོན་གྱི། ཇི་ཙམ་འཐབ་ཀྱང་མ་ཐུབ་པ་ཡིན། མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ། ཧོར་རྒྱལ་པོ་གོ་དན་ཡིན། ཁོང་བྱང་ངོས་སུ་སླེབས་པ་དང་། སྔར་མི་ཉག་རྒྱལ་རྒོད་བསད་པའི་ས་ཆ་དེར་ལྷ་ཁང་བཞེངས་ཞིང་། གསོད་མི་ཚང་མ་བརླག་པར་བྱས་སོ། །གེ་གོ་དན་ཨེ་ཡིན་སྟག་གན་རྒྱལ་པོ་ལ། ངན་བྱེད་མི། ཕྱིས་གིན་ཐི་མུ་ཡང་སྲི་གནོན་ཡི་གཞན་དུ་སྐྱེས་པ་ཡིན་ན་ནོ། །ཞེས་པ་མི་ཉག་བཙན་ཆེ་ཤེས་རབ་ཡེ་ཤེས་ཀྱི་བཀོད་པ། ཡི་གེར་བྲིས་བཀོད་པའོ། །འདི་ལ་རྒྱའི་རྒྱལ་པོ་ཅིའུ་ཐའི་ཛུང་སྤུན་གཉིས་ཀྱིས་རྒྱལ་ས་བཟུང་བའི་རྗེས་ལ་སེའུ་རྒྱལ་པོ་བྱུང་ཞེས་པ་དང་། སེའུ་རྒྱལ་པོ་ནས་མི་ཉག་རྒྱལ་པོ་བཅུ་གཉིས་བྱུང་། ལོ་ནི་བརྒྱ་དང་དྲུག་ཅུ་རྒྱལ་སྲིད་བཟུང་། །དེ་ནས་ཧོར་ལ་རྒྱལ་ས་ཤོར་བ་ཡིན། །ཞེས་པ་ཡང་གཏམ་རྒྱུད་འགའ་རེ་ན་སྣང་ངོ་། །མི་ཉག་རྒྱལ་རབས་བྲིས་པའི་དགེ་བ་ཡིས། །མི་ཡི་འགྲོ་བ་འཁོར་བའི་གཡུལ་ངོ་ལས། །མི་འཇིགས་དཔའ་བོ་ཐོབ་ཅིང་འགྲོ་ཀུན་གྱིས། །མི་འགྱུར་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག།།།