[A:81]པས། ཡ་གམ་ལྷ་སྲས་དང་། ཐོག་ལྷ་བོན་པོ་ལ་སོགས་ཤེས་པ་ཅན་གྱི་བུ་ཚ་བཅུ་གཉིས། ཕྱུགས་སྐྱོང་གིན་ཡོད་པ་དང་མཇལ། དེ་རྣམས་ཀྱི་ཁྱེད་སུ་ཡིན་བྱས་པས།བཙན་པོ་ཟེར། གང་ནས་འོང་བྱས་པས། མཛུབ་མོ་གནམ་ལ་སྒྲེང། དེའི་སྐད་མ་གོ་ཡང་། འདི་ནི་ངོ་མཚར་ཅན་གཅིག་འདུག་པས། ངེས་པར་གནམ་ནས་བྱོན་པའི་བཙན་པོ་གཅིག་ཡིན་པར་འདུག འོ་ཅག་གིས་ཇོ་བོ་བྱའོ་ཟེར་ནས་ཤིང་གི་ཁྲི་ལ་བཞག གཉའ་བར་ཁུར་ནས་ཁྱིམ་དུ་ཕྱིན་པས། མིང་ཡང་གཉའ་ཁྲི་བཙན་པོར་བཏགས་སོ། །དེར་ཕྱུགས་རྫི་རྣམས་ཀྱི་རྗེའི་བཞུགས་ས་ལ། ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས་ཏེ། ཕོ་བྲང་སྔ་ཤོས་ཡིན། འདི་ལ་རྒྱ་གར་ནས་བྱོན་པའི་ལུགས་མི་འདྲ་བ་འགའ་སྣང་ཞིང་། བོན་པོ་རྣམས། གནམ་ནས་རྨུ་ཐག་དང་། རྐྱང་ཐག་ལ་བྱོན་ནོ་ཟེར་ནའང་། གཉའ་ཁྲི་བཙན་པོར་ཐམས་ཅད་མཐུན་ནོ། །བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ཏེ། འདི་ནི་ཆོས་རྒྱལ་འཕགས་པས་མཛད་པའི་ཤེས་བྱ་རབ་གསལ་ན། ཐུབ་པ་མྱ་ངན་ལས་འདས་རྟིང་། ལོ་སྟོང་ལྷག་སོང་པ་ན་བྱོན་པར་བཞེད་དོ། །དེས་སུམ་པའི་བོན་པོ་ཨ་ཡང་རྒྱལ་བ་བཏུལ་ལོ། །དེའི་སྲས་མུ་ཁྲི་བཙན་པོ། དེ་ནས་བུ་རྒྱུད་རིམ་པ་བཞིན། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། དྭ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་དང་བདུན་ལ༑ གནམ་གྱི་ཁྲི་བདུན་ཟེར། དེ་ཡན་ཆད་འོད་གསལ་གྱི་ལྷ་དག་ཡོད་པས། སྲས་ཀྱི་ཆིབས་ཁ་ཐུབ་པ་དང་། ཡབ་འོད་ཀྱི་ནམ་མཁའ་ལ་བྱོན་པས། ལྷ་ལུས་རོ་མེད་འཇའ་ལྟར་ཡལ་ཅེས་སོ། །སྲིབ་ཁྲིས་སྲས་གྲི་གུམ་བཙན་པོ་འཁྲུངས་དུས། ཨ་ཕྱི་གདགས་ཀྱི་ལྷ་མོ་དཀར་མོ་ལ། མཚན་ཅི་གསོལ་བྲིས་པས། ཨ་ཕྱི་རྒས་ནས། དབང་པོ་མི་གསལ་བར་བརྡ་དོན་མ་གོ་བ་ལ་བརྟེན་ནས། མིང་གྲི་གུམ་