[A:82]བཙན་པོར་བཏགས་སོ། །དེ་ལ་སྲས། ཤ་ཁྲི། བྱ་ཁྲི། ཉ་ཁྲི་གསུམ་འཁྲུངས་སྟེ། ཡབ་དེ་མུ་སྟེགས་ཀྱི་སྟོན་པ་དིག་སྐད་པ་དང་། ཤིང་སྒྲོད་པ་དང་། སྲོག་གཟན་པ་བྱ་བ་རྣམས། མཆོད་གནས་སུ་རིམ་པར་བཀུར་བའི་སྐྱོན་གྱིས། རྒྱལ་པོའི་ཐུགས་གདོན་གྱི་བསྐྱོད་ནས། རང་གི་བློན་པོ་ལོང་ངམ་རྟ་རྫི་བྱ་བ་ལ། ཁྱོད་ཀྱི་ངའི་འཐབ་ཟླ་བྱ་དགོས་ཟེར་བ་ལ། ཞུ་བ་ཕུལ་ཀྱང་མ་ཉན་པར། ཉང་རོ་རྩིབ་ཀྱི་ཐལ་ལ་ཚལ་དུ་རྗེ་འབངས་འཐབ་པས། ལོང་ངམ་ཐབས་རྟེན་འབྲེལ་ལ་མཁས་པས། རྒྱལ་པོ་རང་གི་བོད་ཀྱི་རལ་གྲི་ལ་སྔ་བ། དགུ་ཟི་གླང་པོ་སྣ་བྱ་བ། དེ་ཀླད་ལ་སྐོར་བས། ལྷའི་དམུ་ཐག་ཆད། ལྷ་ཉམས་པས་འབངས་ཀྱི་བཀྲོངས། སྤུར་དེ་ཟངས་ཀྱི་གའུར་བཅུག་ནས། ལྕི་མདའ་ཟམ་ཁ་ནས། ཉང་ཆུ་སྐྱ་མོ་ལ་བསྐྱུར་བཏང་བས། རྒྱང་མཁར་པ་ཚ་རུ་དགུང་ཞག་བདུན་དང་། ཚོང་འདུས་མགུར་མོའི་ཐད་དུ་གུང་ཞག་བཅུ་གསུམ་ཆགས་ཀྱང་། འཛིན་མཁན་མེད་པས་ཀོང་ཆུ་རླག་ཏུ་ཁྱེར་བས། ཀླུ་སྲིན་བྱེད་མོ་རྗེ་རིགས་མོའི་བྲན་མོ། ཀླུ་སྲིན་བྱེ་མ་ལག་རིང་། ཆུ་ལ་ཉ་བཤོར་དུ་ཕྱིན་པས། གའུ་རྙེད་ནས། རྗེ་མོ་ལ་ཕུལ་བས་བང་མཛོད་དུ་སྦས་སོ། །དེ་ལ་སྟོད་ཀྱི་སྟེང་ཟེར་རོ། །རྒྱལ་བུ་གསུམ་པོས་ཡབ་མེས་ཀྱི་བང་མཛོད་ན། ལྷ་གླང་རུ་དཀར་བྱ་བའི། གླང་འཕུར་ཤེས་གཅིག་ཡོད་པ་དེ་ལ་བཞོན་ནས་ཀོང་ཡུལ་ལ་བྲོས་སོ། །དེ་རྣམས་ཀྱི་མ་ལ་ལོང་ངམ་ཀྱིས་རྟ་རྫི་བཅོལ། ལྷ་གཅིག་ལ་ཆུ་མ་བཅོལ་ལོ། །མ་དེས་རྟ་འཚོ་རུ་ཕྱིན་པས། གཉིད་དུ་སོང་བའི་རྨི་ལམ་དུ། མི་དཀར་པོ་གཅིག་དང་བཤོས་པ་རྨིས། གཉིད་སད་པ་དང་སྔས་ཁ་ནས་གཡག་དཀར་པོ་གཅིག་ལངས་སོང་ངོ་། །ཟླ་བ་བརྒྱད་སོང་བ་ན། ཁྲག་གི་གོང་པོ་ལག་མགོ་ཙམ་གཅིག་སྐྱེས།