R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 83
[A:83]དེ་བོར་ནི་མ་ནུས། གསོ་བ་ལ་ནི་ཁ་མིག་མེད། འགུལ་གྱིན་འདུག་པས་འབྲོང་རྭ་ཞིག་གི་ནང་དུ་བཅུག་པས། རྐང་རྣམས་ཀྱི་ངར་མ་བློའི་དྲོད་ལ་བཙོས་པས། ཅི་ཞིག་ཙམ་ན། བུ་ཁྱེའུ་ཞིག་བྱུང་བ་དེའི་མིང་། འཇང་གི་བུ་རུ་ལས་སྐྱེས་ཀྱིས་ངར་གསོས་པོར་བཏགས། དེ་ལོ་བཅུ་གཉིས་ལོན་པ་དང་། ཕ་དང་ཕོ་བོ་གང་ན་ཡོད་འདྲི་བ་ལ། སྔར་གྱི་རྒྱུ་མཚན་བཤད་པས། སྤུར་དང་། ཕོ་བོ་སྤུན་ཟླ་འཚོལ་དུ་ཕྱིན། སྤུར་རྙེད་ཀྱང་སློང་བས་ནི་མི་སྟེར། རྐུས་པས་ནི་མ་ཐོབ། ཉོས་རིན་ཅི་དགོས་བྱས་པས། མིའི་བུ་མོ་བྱ་ལོ་མ་བྱ་མིག་ཡོད་པ། ལོ་བཅུ་དྲུག་ལོན་པ་ཞིག་འདོད་ཟེར་ནས། བཙལ་པས། གཡེའི་གངས་དབར་ཡུལ་གོང་ནས། ཕ་མཚར་ལ་རེ་ཐེན། མ་སྐྱིད་ལ་རུང་ཞུམ་གྱིས་བུ་མོ་དགེའུ་ཡུ་མེ་བྱ་བ། དེ་འདྲ་ཞིག་འདུག་ན་ཉོ་བར་བྱས་ནས། ཕ་ན་རེ་གསེར་མོ་རང་ཙམ་གཅིག་འདོད་ཟེར། མ་ན་རེ་སྤུར་དེ་ལ་མཚལ་གྱི་ཐིག་བརྒྱད་ཅུ་རྒྱག་ཆུག་ཟེར་བ། ཁས་བླངས། བུ་མོ་ཁྱེར། སྤུར་བླུས་སོ། །ཀོང་ཡུལ་སེན་མོ་ཕུག་ཏུ་བང་སོ་བརྩིགས་ནའང་། དེར་མ་བཞུགས། བང་སོ་རྩིག་པའི་སྔུན་མ་ཡིན་ནོ། །དེ་ནས་གཅེན་ཤ་ཁྲི་ཀོང་པོ་དང་། གཅུང་ཉ་ཁྲི་དྭགས་པོའི་རྗེ་མཛད་ནས། གདན་མ་འདྲོངས། ཀོང་རྗེ་དཀར་པོ་དང་། ཉང་བཙུན་རྒྱལ་པོ་བྱ་བར་གྲགས་སོ། །ད་ལྟའང་དེ་གཉིས་ན་རྒྱལ་རྒྱུད་མང་སྐད་དོ། །སྤུ་བོ་བྲག་ཐོག་གི་རྗེ་མཛད་པའི་འབྲིང་པོ། བྱ་ཁྲི་གདན་དྲངས་ནས་རྒྱལ་སར་བཅུག སྤུ་དེ་གུང་རྒྱལ་དུ་མཚན་གསོལ་ལོ། །སྤུ་རྒྱལ་བོད་ཀྱི་ཡུལ་བྱ་བ་དེ་ནས་གྲགས་སོ། །དེ་ནས་སྤུ་རྗེ་ཡར་ཀླུངས་སུ་གདན་དྲངས་པས། བོན་པོ་སྤ་རའི་བུ། ཀྱེ་རྒྱལ་སྨ་བོ་ཆེས། གྲི་བཏུལ་ནས། ལོ་བཅུ་གསུམ་སོང་བའི་སྤུར་ཟངས་དེ་ཁ་ཕྱེས་པས། སྐད་ང་ར་ར་ཟེར་བས། ཡུལ་དེའི་མིང་ནི་ང་ར་ཐང་དུ་བཏགས། དེ་