R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 84
[A:84]ནས་སྤུར་དེ་འཕྱོངས་རྒྱས་གྲང་མོ་གྲང་ཆུ་ཁའི་ཟོམ་ལ་སྦས་པས། གནམ་ནས་གསེར་གྱི་ཐི་གུ་གཅིག་བྱུང་ནས། དེ་ལ་ཐིམ་པས། གནམ་ལ་གསེར་ཐིག་ཏུ་མཚན་གསོལ། དེ་ནས་རུ་ལས་སྐྱེས་ཀྱི་ཉང་རོ་བཤམ་པོ་མཁར་གྱིས་རི་རྩེ་ལ། བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ནས། ལོ་ངམ་ཕོ་མོ་དང་། ཕྲུག་གུ་ཐམས་ཅད་བསད། བཤམ་པོ་མཁར་གྱི་རྩེ་ཕབ། སྐུ་མཁར་འཕྱིང་ང་སྟག་རྩེའི་རྨང་རྡོ་བྱས། ཤེའུ་ཡུག་ཐམས་ཅད་སྣངས་སུ་བཅད། དེར་རྗེ་སྤུ་དེ་གུང་རྒྱལ་སྙེས་[མཉེས]ནས། རུ་ལས་སྐྱེས་ལ། ཁུ་ཁུ་ལྷ་བུ་སྨོན་བཟང་བྱ་བའི་མིང་བཏགས། ཡབ་གྲི་གུམ་བཙན་པོའི་རིང་ལ། ཞང་ཞུང་དང་། བྲུ་ཤའི་བོན་པོས། གཤིན་གྱི་འདུར་བོན་བྱུང་ངོ་། །ས་ཟིན་དུ་བྱ་བར་མགའ་ར་སྤུན་དགུས་བརྡུངས་པས། བོད་རལ་དགུ་ཟི་དང་། དགུ་རོགས་ཟེར་བ་འདི་ཡང་དེ་དུས་ནས་དར་བའོ། །སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ། སྐུ་མཁར་འཕྱིངས་པ་སྟག་རྩེ་བརྩིགས། སྒྲུང་དང་ལྡེབ་བྱུང་། གནམ་བོན་གཤེན་པོ་བྱ་བ་བྱུང་ངོ་། །བློན་པོ་རུ་ལས་སྐྱེས་དང་། དེའི་བུ་ལྷ་བུ་མགོ་དཀར་གྱི་བློན་པོ་བྱས་པའི་རིང་ལ། འབྲོང་མཐུན་དུ་སྡེབ། ཆུ་ཡུར་བར་བཅུག སྤང་ཞིང་དུ་རྨོས། སོལ་བས་རྡོ་བཞུས་ནས། གསེར་དངུལ་བཅོས། སྣོལ་རྣམ་ལྡེ། སྣོལ་བོ་ལྡེ། ལྡེ་སྩོལ་རྣམས། ལྡེ་སྣོལ་བོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་རྣམས་ལ། བར་གྱི་སྡེ་བརྒྱད་ཅེས་ཟེར་རོ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། ལྡེ་སྤྲིན་བཙན་གྱི་སྲས། རྒྱལ་པོ་ཏོ་རེ་ལོང་བཙན། ཐོན་མི་འབྲིང་པོ་རྒྱལ་དང་། སྣུབས་སྨོན་དོ་རེ། འདར་གྱི་བུ་སྟོང་འདར་ཆེན་རྣམས་ཀྱི་བློན་པོ་བྱས་སོ། །འདི་ཡན་གྱི་རྒྱལ་པོ་རྣམས་ཀྱིས་ལྷ་ཀླུའི་བུ་མོ་དང་བཤོས་ཏེ། བཙུན་མོ་བསྟེན་དགོངས་པ་ལ་མ་འཚལ་ཟེར་ནས། ས་ལ་རོ་མ་བྱུང་སྐད་དོ། །དེ་རྟིང་འབངས་དང་གཉེན་བསྲེས་པ་