R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 85
[A:85]སྟེ། རྒྱལ་པོ་ཏོ་རེ་ལོང་བཙན་ནས། བུ་རྒྱུད་རིམ་པ་བཞིན། རྗེ་ཁྲི་བཙན་ནམ། བློན་པོ་སྣུབས་གཉའ་ཏོ་རེ་གཙུགས་ལོ་དང་། རྟབས་ཁྲི་བཟུང་མོང་ཁེང་གིས་བྱས། རྗེ་ཁྲི་དགྲ་དཔུང་བཙན། བློན་པོ་མགར་ཁྲི་སྒྲ་ཇི་ཐུན་དང་། ཐོན་མི་ཀླུ་དབང་བསྟད་པོས་བྱས། རྗེ་ཁྲི་ཐོག་རྗེ་ཐོག་བཙན། བློན་མགར་བཙན་གཉའ་ལྡོམ་བུ་དང་། སྣུབས་སྐྱེས་ཐོག་རྗེ་ལོ་བཙན་གྱི་བྱས་སོ། །དེ་ཡན་མི་རྗེ་ལྷས་མཛད་ནས་གདུང་རབས་ཉི་ཤུ་རྩ་བདུན་གྱི་བར་ལ། ཆབ་སྲིད། སྒྲུང་དང་། ལྡེབས། བོན་དང་གསུམ་གྱི་བསྐྱངས་ཟེར་རོ། ཁྲི་ཐོག་རྗེ་ཐོག་བཙན་དང་། རུ་ཡོང་བཟའ་སྟོང་རྒྱ་མཚོའི་སྲས། ལྷ་ཐོ་ཐོ་རེ་སྙན་བཙན་ནི། བོད་རྒྱལ་གཉའ་ཁྲི་བཙན་པོ་བྱོན་ནས། ལོ་དགུ་བརྒྱ་དྲུག་ཅུ་རྩ་དྲུག་སོང་བའི་མེ་མོ་ཡོས་ལོ་ལ་འཁྲུངས་སོ། །དེ་རྣམས་ལ་བཙན་ལྔ་ཟེར་རོ། །རྗེ་དེའི་བློན་པོ་ཁྲི་ཐོག་རྗེ་བཙན་དང་། སྦྲང་ཁྲི་བཟུང་ལན་པས་བྱས་སོ། །རྒྱལ་པོ་དེའི་སྐུ་རིང་ལ་རྒྱ་གར་ནས། པཎྜི་ཏ་མཁན་པོ་སི་ལི་བྱིན་བྱོན་ཀྱང་། བོད་ན་ཡི་གེ་དང་ལོ་ཙཱ་ཤེས་པ་གཞན་མེད་པས། རྒྱལ་པོའི་ཕྱག་ཏུ་མཆོད་པའི་རྟེན་ལ། རགས་སྐུའི་རིགས་ལྔ་ཆ་གཅིག་བཞག་ནས། ཁོང་རྒྱ་ནག་ལ་བྱོན་ནོ། །དེར་རྟིང་རྒྱལ་པོ་ལོ་བརྒྱད་ཅུ་བཞེས་པ། ས་ཕོ་སྤྲེའུའི་ལོ་ལ། ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྩེར། ནམ་མཁའ་ནས་ཟངས་ཀྱི་གའུའི་ནང་དུ། དཔའ་སྐོང་ཕྱག་རྒྱ་བ་དང་། མདོ་ཟ་མ་ཏོག་བཀོད་པ། གསེར་གྱི་མཆོད་རྟེན་འཁྲུ་གང་པ། ཙན་དན་མ་ཎིའི་གཟུངས་རྣམས་བྱོན་ཏེ། ད་ནས་གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ། །ཞེས་སྒྲ་གྲགས་སོ། །དེ་ཆོས་ཡིན་པར་མ་གོ་ནའང་། ངོ་མཚར་ཅན་ཞིག་གོ་སྙམ་ནས། ཕོ་བྲང་གི་རྩེར་བཞུགས།གསེར་སྐྱེམས་དང་གཡུ་སྔོན་སོགས་ཀྱིས་མཆོད་པས། རྒོལ་པོ་དགུང་ལོ་བརྒྱད་ཅུ་