R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 88
[A:88]འདི་ཡི་ཆད་པ་དོན་མཁར་མདའ་རུ་བརྩིགས། དེ་ནས་ཕུལ་སྐྱེས་བརྩིགས་པ་སོགས་མཁར་ཡོད། གྲལ་ནི་ཁྲི་གཉན་བཟུང་བཙན་གཡོན་ན་ཡོད། རྒྱལ་པོ་གནམ་རི་སྲོང་བཙན་ལ། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གྱི་སྲས་ཁྲི་སྲོང་བཙན་ནི། མེ་གླང་ལོ་ལ། ཕོ་བྲང་བྱམས་པ་མི་འགྱུར་གྱི་གླིང་དུ། མེས་ཕོ་ཐོ་ཐོ་རི་སྙན་བཙན་ནས་ལོ་བརྒྱ་དང་དགུ་བཅུ་གོ་གཅིག་སོང་བའི་དུས། སྐུ་འཁྲུངས་ནས། ལོ་བཅུ་གསུམ་ནས་ཡབ་འདས། ལོ་དེ་ཉིད་ལ་རྒྱལ་པོར་མངའ་གསོལ། ཆབ་སྲིད་ལོ་དྲུག་ཅུ་རེ་བཞི་བཟུང་། འདི་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཁ་བ་ཅན་དུ་བྱོན་ན་ནས། གདུལ་བྱ་སྨིན་པར་མཛད་པའི་ཕྱིར། དམ་པའི་ཆོས་ཀྱི་སྲོལ་གཏོད་པའི་ཚུལ་གྱིས། རྒྱལ་བའི་བསྟན་པ་བཟུང་སྟེ། ལྷ་མོ་དྲི་མ་མེད་པའི་མདོ་དང་། དམ་པ་དང་པོའི་རྒྱུད་ལས་ལུང་བསྟན་པ་བཞིན་ཡིན་ལ། བོད་ཀྱི་རྒྱལ་པོ་ལོ་བཅུ་བཞི་པ་གཅིག་གིས། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་གིན་འདུག་ཅེས་པའི་སྙན་གྲགས་ཀྱིས། འཛམ་བུ་གླིང་ཁྱབ་སྟེ། ཕྱོགས་བཞིའི་རྒྱལ་པོས། ནོར་ཁྱད་པར་ཅན་གྱི་སྐྱེས་དང་། ཡི་གེ་བསྐུར་བྱུང་བ། བོད་ཀྱི་རྒྱལ་པོ་ལ། སྐྱེས་ལན་བསྐུར་རྒྱུའི་ནོར་ཡོད་ཀྱང་། ཁ་འཕྲིན་མ་གཏོགས་ཡི་གེ་མེད་པས། བོད་ལ་ཡི་གེ་ཞིག་ཅི་ནས་ཀྱང་དགོས་པ་འདུག་དགོངས་ནས། ཐོན་མི་ཨ་ནུའི་བུ། སཾ་བྷོ་ཊ་མི་ཆུང་བྱ་བ་བློ་གསལ་བས། གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་དང་ཆོས་སློབ་ཏུ་བཏང་བས། མཁས་པ་ལི་བྱིན་ན་རེ། ངས་ཡི་གེ་བྲིས་རིགས་མི་འདྲ་བ་ཉི་ཤུ་ཤེས་པས། རྒྱལ་པོའི་འགྲམ་དུ་རྡོ་རིང་ལ་ཡི་གེ་བྲིས་ཡོད་པ་བསྟན་ནས། སློབ་མ་ཁྱོད་གང་འདོད་ཟེར་བ་ལ། བོད་ཀྱི་ཡི་གེའི་ལུགས་འདི་བསླབས། །ལོ་ཙཱ་ཡང་མཁས་པར་ཤེས། སློབ་དཔོན་དང་པཎྜི་ཏ། ཤཱི་ལ་ནན་ཏ་