[A:92]རྣམས། བློ་ཁ་ཆོས་ལ་དྲངས་ཞིང་དད་པའི་ཕྱིར། ཐོག་མར་སྒྲུང་དང་། ལྡེའུ་དང་།བོན་རྣམས་བས་བསྟན། རྒྱལ་པོས་མཛད་པའི་སྒྲུང་རྒྱུད། ལྡེའུ་ཡི་བཀོད་པ་ར་ས་འཕྲུལ་སྣང་གིས་བློ་འབུར་ནང་ན་བྲིས་ནས་བཀོད་ཡོད་དོ། །དེ་དུས་བློན་པོ་མང་ཉང་པོ་རྗེ་ཞང་སྣང་ལ་སོགས་པ་མཛངས་པ་མི་དྲུག་གིས། ཚིག་དྲུག་དྲུག་སུམ་ཅུ་སོ་དྲུག་ལ་སོགས་པས། གཏན་ཚིགས་གཏན་ལ་ཕབ། བོད་རུ་བཞི་སྟོང་སྡེར་འབྱེད། སྐུ་སྲུང་ཕྱོགས་བཞིར་བསྐོས། མི་ལ་ཡིག་ཚང་སྐུར། མདོ་བའི་རྟ་ལ་ཆོ་རིས་བྲིས། ཕུ་ཆུ་རྫིང་དུ་སྐྱིལ། གཞུང་ཆུ་ཡུར་དུ་དྲངས། རི་ཁྱིམ་ཀླུངས་སུ་བརྩིགས། ཐང་ཞིང་དུ་སློག ཞིང་ལྷུར་བཅད། ཆུར་གྲུ་བཙུགས། བྲེ་སྲང་གཏན་ལ་ཕབ། མཐའི་རྒྱལ་ཕྲན་རྣམས་དང་། ལྷོ་མོན། རྩྭ་མི་ཤིང་མི་ལ་སོགས་པ་ཐམས་ཅད་མངའ་འོག་ཏུ་བསྡུས། ཆབ་སྲིད་རྣམས་བདེ་ཞིང་སྐྱིད་པར་གྱུར་ཏེ། ཆོས་ལུགས་ལ་ཕལ་ཆེར་ཞུགས་སོ། །དེར་རྒྱལ་པོའི་དགོངས་པ་ལ། ངའི་ཁྲིམས་རྣམས་ཀྱང་བཙན་པར་བྱུང་། ད་ཆོས་ཀྱི་འདུལ་དུ་བཏུབ་པར་འདུག་པས་ཆོས་བྱའོ། །ཆོས་བྱེད་པ་ལ་ཡི་དམ་གྱི་ལྷ་དགོས་པས། ཅི་ལ་བྱ་སྙམ་ན། ཚེས་བརྒྱད་ཀྱི་སྲོད་ལ་སྤྲིན་གསེབ་ནས་ལྷའི་བུ་མོ་ན་རེ། རྒྱ་གར་ལྷོ་ཕྱོགས་མཐར་ཐུག་པ་རྒྱ་མཚོའི་འགྲམ། བྱེ་མའི་གསེབ། སིང་གའི་གླིང་། ཁ་སར་པ་ཎི་སྐུ་རྒྱབ། གླང་པོ་ཆེ་ཉལ་བའི་འོག་གིས། ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོའི་ཁོག་ན་ཞལ་བཅུ་གཅིག་པའི་སྐུ་རང་བྱོན་གཅིག་ཡོད་པ། སྤྱན་དྲངས་ན་ཁ་བ་ཅན་དུ་དོན་ཆེན་པོ་བྱེད་པར་འགྱུར་རོ། །ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ལ་རྒྱལ་པོ་ཐུགས་རབ་ཏུ་དགྱེས་ཏེ། རང་གི་སྨིན་མཚམས་ནས་འོད་ཟེར་སྐྱེས་པའི་སྣ་ལ། དགེ་སློང་ཤཱི་ལ་ཨ་ཀ་ར་བྱ་བར་སྤྲུལ་ནས། སྐྱོད་དེ་སྤྱན་འདྲེན་པ་ལ་བཏང་ངོ་། །དེ་ནས་