R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 95
[A:95]ནས་བཞུགས། དེ་ནས་ངས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ཡིན་པས།དེ་དག་འདུལ་བའི་ཐབས་གང་ལེགས་དགོངས་ནས། ལྷ་ལ་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་སྐར་མདའ་ལྟ་བུ་གཉིས། ཤར་ནུབ་དུ་སོང་བས། རྒྱ་ནག་དང་། བལ་ཡུལ་དུ་ཐིམས་པས། ཁྲོ་གཉེར་ཅན་དང་། སྒྲོལ་མའི་སྤྲུལ་པ་སྤྱན་དྲོངས་ཟེར་བའི་སྒྲ་བྱུང་ནས། སྔོན་ལ་བློན་པོ་མགར་དང་། ཐོན་མི་མི་ཆུང་གཉིས་གྱི་འགོ་བྱས། རྟ་པ་བརྒྱ་ལ་གསེར་གྱི་དོང་རྩེ་བརྒྱ་དང་། གསེར་གྱི་བང་བ་བདུན། གླང་པོ་ཆེ་གསེར་གྱི་དྲ་བ་ལྷའི་རིན་པོ་ཆེའི་བརྒྱན་པ་ཞིགགསེར་ཕྱེ་བྲེ་ཕྱེད། ཡི་གེ་བཅུ་པའི་གསེར་དངུལ་ཟངས་གསུམ་གྱི་སྒྲོམ་བུ་དང་བཅས་པ་བསྐུར་ནས། སྟོན་ཟླ་ར་བའི་ཚེས་བརྒྱད། སྐར་མ་ནབ་སོའི་ཉི་མ་རྩེ་ཤར་ལ། བལ་པོའི་ལྷ་གཅིག་སློང་བ་ལ་བརྫངས་སོ། །དེར་ཁོང་རྣམས་ཀྱི། ནུབ་ཕྱོགས་བལ་པོའི་ཕོ་བྲང་ཡམ་མཁར་དུ་སླེབས། རྒྱལ་པོ་འོད་ཟེར་གོ་ཆ་དང་མཇལ། རྒྱུ་མཚན་ཞུས་པས། བལ་བཟའ་ཁྲི་བཙུན་སྐལ་རྫོངས་བསམ་གྱིས་མི་ཁྱབ་པ། ཡི་དམ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙན་དན་སྒྲོལ་མའི་སྐུ་རང་བྱུང་གཅིག་དང་བཅས་པ་གནང་བ། གདན་དྲངས་ནས་ཕོ་བྲང་དམར་པོ་རིར་ཕེབས་སོ། །དེ་ནས་བལ་བཟས་རྒྱལ་པོ་ཐུགས་མི་སྐྱོ་ཞིང་། ཕ་རོལ་གྱི་དམག་གི་མི་ཚུགས་པར་བྱ་བའི་ཕྱིར། རིན་པོ་ཆེ་མང་པོ་སྦྱར། གནོད་སྦྱིན་ཕོ་མོ་མང་པོ་བྲན་དུ་བཀོལ་ནས། དམར་པོ་རིའི་ཁོངས་སུ་བཅུག་པའི་སོ་ཕག་གི་ལྕགས་རི། གྱང་རིམ་སུམ་ཅུ་རྩ་གཉིས་དང་མཉམ་པ། སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་དང་འདྲ་བ། མཁར་དགུ་བརྒྱ་དགུ་བཅུ་རྩ་དགུའི་རྩེ་མོ་ཉག་སྟོང་དུ་ཚང་བ། མཁར་རེ་རེ་ལ་མདུང་བ་དན་དམར་པོ་ཅན་བཞི་རེ་བཙུགས་པ། ཕྱོགས་རེ་