R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 4
[A:4]བྱིན་རླབས་བུམ་པ་གླང་ཆེན་སྣས་བཟུང་ནས། །དེ་ཡིས་སུ་ལ་དབང་བསྐུར་དེ་ལ་བཀོད། །རྒྱ་ནག་གཙུག་ལག་རྒྱལ་པོར་བསྐོ་བ་ནི། །རྒྱའི་ཁང་པ་ཤིན་ཏུ་མཐོ་བ་ལ༑ །ཤེལ་གྱི་སྐས་བཙུགས་སུ་ཐར་དེ་ལ་བསྐོ། །གེ་སར་དམག་གི་རྒྱལ་པོར་བསྐོ་བ་ནི། །དཔག་ཆེན་བཞིས་མདའ་བཞི་ཆར་ཕྱོགས་བཞིར་འཕངས། མདའ་བཞི་དུས་སུ་ཟིན་ན་དེ་ལ་བསྐོ་བ་ཡིན། །སྟག་གཟིག་ནོར་གྱི་རྒྱལ་པོར་བསྐོ་བ་ནི། །རིན་ཆེན་གླིང་ནས་ནོར་བུ་སུས་ལོན་གྱིས། །ནོར་གྱི་བདག་པོ་དེ་ལ་བསྐོ་བ་ཡིན། །བསྐོས་པའི་རྒྱལ་པོ་བཞིའི་སྟོན་པ་ནི། །རྒྱ་གར་རྒྱལ་པོ་སྔོན་སྦྱངས་ལས་འཕྲོ་ཅན། །སངས་རྒྱས་ཆོས་ཀྱི་སྣོད་དུ་རུང་བས་ན། །རྒྱལ་བ་ཤཱཀྱ་ཐུབ་པས་སྟོན་པ་མཛད། །རྒྱ་ནག་གཙུག་ལག་དཔྱད་ཀྱིས་འདུལ་གཟིགས་ནས། །མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་གྱིས། །གབ་ཙེ་སུམ་བརྒྱ་དྲུག་ཅུ་སྟོན་པར་མཛད། །གེ་སར་དམག་གི་འདུལ་བར་གཟིགས་ནས་སུ། །ལྷ་མོ་པཉྩི་ཀ་ཡི་བུ་ལྔ་བརྒྱ་པོ། །དེ་འདྲ་དམག་ཏུ་སྤྲུལ་ནས་སྟོན་པ་མཛད། །སྟག་གཟིག་ནོར་གྱི་འདུལ་བར་གཟིགས་ནས་སུ། །འཕགས་པ་ནོར་འཛིན་སྐུ་སྤྲུལ་སྟོན་པ་མཛད། །རྒྱ་གར་ཆོས་རྒྱལ་མ་རིག་མུན་པ་སེལ། །རྒྱ་ནག་རྒྱལ་པོ་ལེགས་ཉེས་མེ་ལོང་སྟོན། །གེ་སར་རྒྱལ་པོ་དམག་གིས་དགྲ་དཔུང་འདུལ། ། སྟག་གཟིག་རྒྱལ་པོས་དབུལ་བའི་སྡུག་བསྔལ་སེལ། །ཞེས་བཤད་པ་རྣམས་རྒྱལ་རབས་སྤྱི་ཡི་སྟོང་ཐུན་ཟུར་ཙམ་མོ།། །།