R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༥ན
[A:༥༡༥ན]བཅུ་གསུམ་གྱི་ནང་ཚན་ཁྱད་པར་གྱི་གདམས་པ་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འགྲུབ་པ་དམར་པོ་སྐོར་གསུམ་དུ་གྲགས་པ་ལ། རྗེས་འབྲང་གི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་མང་ནའང་འཁྲུལ་པའི་དྲི་མ་ཙམ་གྱིས་ཀྱང་མ་སྦགས་པ་ནི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བཞེད་པ་ཁའུ་བྲག་རྫོང་པའི་ལུགས་སྲོལ་ལྟར་རྗེ་བཙུན་སྒྲོལ་མ་དམར་མོ་ཀུ་རུ་ཀུ་ལླེ། ཚོགས་བདག་བགེགས་ཀྱི་རྒྱལ་པོ་དམར་ཆེན། ཁྲོ་བོ་བཀག་འཆོལ་འདོད་པའི་རྒྱལ་པོ་དང་གསུམ་ལས། དང་པོ་ཀུ་རུ་ཀུལླེའམ། རྗེ་བཙུན་རིགས་བྱེད་མའི་ཆོས་སྐོར་རྣམས་ཀྱེ་རྡོར་རྩ་བཤད་ཀྱི་རྒྱུད་དང་། ཀུ་རུ་ཀུ་ལླེའི་རྟོགས་པ་ལས་བྱུང་ཞིང་། དེ་ལ་ཡང་སྒྲུབ་ཐབས་བརྒྱ་རྒྱམ་སོགས་སུ་གྲགས་པའི་ཐུན་མོང་བ་ཡོད་པ་བཏང་སྙོམས་སུ་བཞག་སྟེ། འདིར་ཐུན་མོང་མ་ཡིན་པ་ཟུར་བཀའ་དཔའ་བོ་རྡོ་རྗེ་དང་གྷ་ཡ་དྷ་རའི་མན་ངག་འབྲོག་མི་ནས་བརྒྱུད་པ་ལྷན་སྐྱེས་རོལ་པ་དང་། ཌོམྦྷི་པའི་མན་ངག་བ་རི་ནས་བརྒྱུད་པ། གཉན་གྱི་གདམས་པ་སོགས་བཀའ་མང་དུ་བཞུགས་པའི་རིམ་པ་རྣམས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་དཀར་ཆག་ལྟར་ནོས་པ་ལས། ཐོག་མར་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་