[A:༥༨༡བ]སྲིད་དང་ཞི་བའི་སྐྱོན་ཡོན་ལེགས་ཕྱེས་ཤིང། །
ལམ་དང་ལམ་མིན་འཇུག་ལྡོག་མ་ནོར་བར། །
འདོམས་མཁས་བཤེས་གཉེན་དམ་པས་རྗེས་བཟུང་བ། །
འདུལ་འཛིན་ལེགས་པའི་ལམ་སྟོན་དེ་ལ་འདུད། །
གང་ལ་ཟབ་མོའི་ཆོས་ཚུལ་ལེགས་ནོས་པ། །
དེ་ཡི་མཚན་བྱང་བརྒྱུད་པའི་རིམ་པ་བཅས། །
མ་ནོར་ཡིད་ཀྱི་ངོས་སུ་རྣམ་བཀྲ་བའི། །
གཟུགས་བརྙན་དྲན་པའི་རྟེན་དུ་འགོད་ལ་སྤྲོ། །
ཞེས་མཆོད་བརྗོད་དམ་བཅའ་ཉུང་ངུ་སྔོན་དུ་བཏང་ནས། འདིར་ཨོ་རྒྱན་རྣམ་སྤྲུལ་བདག་ཆེན་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་སྐུ་དངོས་ཀྱི་ཞལ་སློབ་ལྷ་ཁང་མཁན་ཆེན་བྱམས་པ་འཇམ་དཔལ་བཟང་པོ་ལས་ནོས་སྐོར་ལ། ཐོག་མར་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་ཁྲིད་ལུང་དབང་བྱིན་རྣམས་ནོས་ཚུལ་ནི། རྡོ་རྗེ་འཆང་ཉིད་ཀྱིས་མཛད་པའི་འཆད་ཐབས་བཞིན། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་སླར་ཡང་ནོས་པ་ནི་སྤྱིར་གདམས་ངག་འདི། རྗེ་བཙུན་རིན་པོ་ཆེས། ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ།