R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༥ན
[A:༦༢༥ན]བོ་འཁོན་རིགས་ཐེག་ཆེན་དཔལ་འབར་གྱིས་ཞུས་སྩལ་བྱུང་བའོ། ། ལུང་རྒྱུན་ཡང་གོང་གསལ་ཇོ་རྒན་མ་རིག་འཛིན་ལྷ་མོ་ལས་རྗེ་བླ་མས་གསན་ཅིང་། དེ་ལས་ཁོ་བོ་ཅག་གིས་ཞུས་ཏེ། ཐུགས་བཞེད་བཞིན་རྗེས་གནང་དང་། དེའི་སྨྱུང་གནས་ཀྱི་ཆོ་གའི་འཕྲུལ་སྤར་གསར་དུ་བཞེངས་ཤིང། སླད་ནས་སྤེལ་བའི་རེ་སྨོན་དང་བཅས་པའོ། ། ཡང་ཐང་རྒྱལ་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་དབང་ལྕགས་ཟམ་པའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་གོང་སྒྲུབ་བཏུས་དང་ཕལ་ཆེར་འདྲའོ། ། ༈ ས་གསུམ་ན་འགྲན་ཟླ་བྲལ་བའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ལ་ཁ་ཆེའི་ཡུལ་གྱི་དུར་ཁྲོད་ར་སྨི་ཤྭ་རར་རྒྱལ་ཡུམ་རྡོ་རྗེ་ཕག་མོས་དངོས་སུ་སྩལ་བའི་ཟབ་ཆོས་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བརྒྱུད་པ་བཞི་ལྡན་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་དུ་གྲགས་པའི་བཀའ་ཇི་ལྟར་ཐོབ་པའི་ཚུལ་ལ་གསུམ་སྟེ། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའོ། ། དེ་ལ་དང་པོ་སྨིན་བྱེད་དབང་ནི། བྱིན་རླབས་ནམ་མཁའ་སྒོ་འབྱེད་ཀྱི་དབང་རྒྱས་པའི་སྟེང་ནས་སྐྱབས་འགྲོ་