R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༥བ
[A:༦༢༥བ]སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་སྨིན་རྒྱས། ཨོ་རྒྱན་ཡོངས་གྲགས་ཀྱིས་མཛད་པའི་ཟབ་དབང་གི་ཆུ་བོ་ཆེན་པོའི་སྟེང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕག་མོ་ལྷ་ལྔའི་དབང་བཞི་མཐའ་རྟེན་དང་བཅས་པ། ཆོས་བདག་ཕག་མོའི་བརྡ་དབང་རྒྱས་པ་གཤོངས་ཆེན་པས་མཛད་པའི་ཡིག་ཆ་ལྟར་སྩལ་བ། གཤོངས་ཆེན་པའི་ཡིག་ཆའི་སྟེང་ནས་མཁའ་འགྲོའི་ཚེ་སྒྲུབ་ཏིང་འཛིན་འཆི་མེད་དབང་བསྐུར་བཅས་ལེགས་པར་ནོས་པའོ། ། གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ནི། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལ། རྡོ་རྗེའི་ཚིག་འབྱེད་ངེས་དོན་རབ་གསལ་སྦྱར་བ་གཞིར་བཞག་སྟེ་སློབ་དཔོན་གྱི་འབྲེལ་བ་བརྟགས་པ་དང་། སྔོན་འགྲོའི་རིམ་པས་རྒྱུད་སྦྱོང་བ་ནས། དངོས་གཞི་ལྟ་བས་ཐག་བཅད་པ། ལམ་སྒོམ་པས་ཉམས་སུ་བླང་བ་ལ། ཐུན་མོང་ནམ་མཁའ་སྒོ་འབྱེད་དང་འབྲེལ་བའི་ཟབ་མོ་ཤེས་རབ་གཙོ་བོར་སྟོན་པའི་ལམ་དང་། ཁྱད་པར་ཕག་མོའི་ཟབ་དབང་དང་འབྲེལ་བར་རྒྱ་ཆེ་བ་ཐབས་གཙོ་བོར་སྟོན་པ་རྡོ་རྗེ་གསུམ་གྱི་ལམ་དང་། ཟུང་འཇུག་བརྒྱུད་པ་བཞི་ལྡན་དུ་ལ་ཟླ་བ། རྗེས་སྤྱོད་པ་བསྐྱངས་ནས་འབྲས་བུ་གྲུབ་པའི་ཚུལ་དང་བཅས་པ་རྣམས་ཡིག་ཆུང་སོ་སོས་བརྒྱན་ཏེ།