[A:༣༧༩ན]སྲུང་འཁོར་ལོ་ཆེན་མོ་རྣམས་ཀྱི་སྟེང་ནས་ཕྱག་ལེན་ངོ་སྤྲོད་མཛུབ་ཚུགས་སུ་ལེགས་པར་ནོས།
༈ རྩ་བའི་གཉིས་པ་དེར་མ་འདུས་པའི་ཡན་ལག་གི་སྐོར་ལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མེ་འབར་དཀར་ཆག་སྙིང་པོ་གནད་སྒྲོན་ལས། འདི་ན་མ་བསྒྲིགས་ཟབ་གནད་ཀྱི། །ཡི་གེ་ཐོར་བུ་སྦས་པ་རྣམས། །ཁོ་བོས་དཀར་ཆག་གཞན་དུ་བྲིས། །སྣོད་ལྡན་དད་པའི་མིག་ལྡན་དག །ངོ་མཚར་ལྟས་མོར་བྱོས་ཤིག་ཀྱེ། །ཞེས་འབྱུང་བ་ལྟར་མེ་འབར་གླེགས་བམ་དུ་མ་བཀོད་པ་ཟབ་ཅིང་གསང་བའི་གབ་སྦས་ཀྱི་ཡིག་སྣ་འགའ་ཞིག་དང་། རྗེ་བཙུན་རྡོ་རིངས་པ་ཆེན་པོས་མགོན་པོ་འདིའི་ཆོས་སྐོར་བླ་མ་དམ་པ་བཅུ་གཅིག་ཙམ་ལས་གསན་པ་དང་། གཞན་ཡང་རྫོང་པ་ཤེས་རབ་རིན་ཆེན་དང་། གོང་དཀར་བ་ཚེ་དབང་བཀྲ་ཤིས་ཀྱིས་མཚོན་པའི་དཔལ་ལྡན་ས་སྐྱ་པའི་བརྒྱུད་འཛིན་གྱི་བླ་མ་བཅུ་ཕྲག་གཅིག་དང་། རྔོག་ཆེན་པོ་བསོད་ནམས་བསྟན་འཛིན་སོགས་དམ་པ་མང་པོར་ཚར་ཆེན་རང་ཉིད་ཀྱིས་གསན་པ་རྣམས་ཟུར་དུ་བསྒྲིགས་པའི་གླེགས་བམ་ལ། ཐུན་མོང་བ་མན་ངག་ཁ་སྐོང་པོ་ཏི་སྐོར། མཁས་གྲུབ་ཕལ་ཆེར་གྱི་རྣ་