R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༧ན
[A:༤༤༧ན]མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་ཐོས་བསམ་གྱིས་གཏན་ལ་དབབ་བྱར་གྱུར་པ་འདི་ལ་སྙན་བརྒྱུད་དང་པོ་བྱིན་རླབས་དང་རྗེས་གནང་གཉིས། གཉིས་པ་གདམས་པ་དངོས། གསུམ་པ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ལོངས་སྤྱོད་ཀྱིས་མཉེས་པར་བྱས་པ་ལ་བརྟེན་ནས་སྙན་བརྒྱུད་བཞི་པའི་རྟེན་འབྲེལ་ཤུགས་ལ་འགྲིགས་པའམ། ཡང་ན་ཚར་པ་རྡོ་རྗེ་འཆང་གིས། འདི་ལ་ཐོག་མར་ཚོགས་ཀྱི་འཁོར་ལོ་དང་རིན་པོ་ཆེ་གསེར་གྱི་མཎྜལ་ལ་སོགས་པ་སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིགས་ནས། སྙན་བརྒྱུད་གཉིས་པ་བྱིན་རླབས་རྗེས་གནང་སྦྱིན། སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་བཀླགས་ལུང་མིན་པར་ལག་ལེན་དམར་ཁྲིད་དུ་བྱིན་པས་སྙན་བརྒྱུད་བཞི་པ་ཤུགས་ལས་འབྱུང་ཞེས་པ་ལྟར། རྡོ་རྗེ་སློབ་དཔོན་མཉེས་པ་དངོས་གྲུབ་ཀྱི་རྩ་བ་དང་། ཤིན་ཏུ་བཀའ་གཉན་པའི་ཟབ་ཆོས་རྣམས་ལ་དཔོན་སློབ་གཉིས་ཀས་ཚོགས་དང་། སྐོང་བཤགས་སོགས་ཀྱི་སྒོ་ནས་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཉམས་ཆག་བསྐང་ཞིང་བཀའ་རྒྱ་བཀྲོལ་ཏེ་གནང་བ་ཞུ་བ་མ་བྱས་ན་འཕྲལ་དུ་རྩུབ་ཅིང་། མཐར་མི་ཤིས་པ་ལ་སོགས་