R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༩བ
[A:༤༤༩བ]ཆེན་པོའི་རོལ་པར་ཤར་ཏེ། ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་ནུས་པའི་གསང་ཁྲིད་ཀྱི་ཉམས་ཁྲིད་ཟབ་མོ་དང་། ཞིང་སྐྱོང་དབང་པོ་འཁོར་བཅས་བྱང་ཆུབ་མ་ཐོབ་བར་དུ་རང་གི་སྙིང་དབུས་སུ་འབྲལ་མེད་དུ་བཞུགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བའི་དམར་ཁྲིད་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པའི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་ལེགས་པར་ནོས་སོ། ། ༈ གཉིས་པ་རྒྱབ་རྟེན་ལུང་དང་ཕྱག་བཞེས་མན་ངག་དང་བཅས་པ་ལ། དཀར་ཆག་གིས་ཟིན་པའི་སྐོར་དང་། མ་ཟིན་པའི་སྐོར་ཏེ་གཉིས་ལས། དང་པོ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་ཆོས་སྐོར་གྱི་དཀར་ཆག་གསུང་རྒྱུན་པདྨའི་སྲད་བུར་བརྒྱུས་པའི་ཟབ་དོན་ནོར་བུའི་དོ་ཤལ། དེ་ལས་གསུངས་པའི་ཆོས་སྡེའི་རྣམ་གྲངས་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ། ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ། ཁརྶ་པཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོ་ནས་བརྒྱུད་པ་དང་གསུམ། དང་པོ་ལ། མགོར་སྐད་གཉིས་ཤན་སྦྱར་དང་། དཔལ་མགོན་པོ་ནག་པོ་ལ་