[A:༤༤༩ན]གྲགས་པའི་ཡི་གེ་དང་ཞལ་ཤེས་ལ་བརྟེན་ཅིང་སྔོན་འགྲོ་གསང་ཁྲིད་ནས་ཁ་བསྐངས་ཏེ། ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་པ་ཞར་བྱུང་བཟློག་པ་དང་བཅས་པའི་ཕྱིའི་ཉམས་ཁྲིད་ཟབ་མོ་འདི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བས་བླ་མ་གཉན་ལོ་ཙཱ་བ་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པའང་མན་ངག་འདི་ཉིད་ཀྱི་ཆེ་བར་སྣང་ངོ་། །
རྡོ་རྗེའི་འཆང་ཚར་པ་ཆོས་རྗེའི་ཁྲིད་ཡིག་ཟུང་འཇུག་རྣམ་རོལ་ལ་གཞི་བྱས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་ཁྲིད་ཡིག །ལྷན་ཐབས་ཡིག་ཆུང་ཟིན་བྲིས་ཞལ་ཤེས་དང་བཅས་པས་བརྒྱན་ནས། སྔོན་འགྲོ་སྐྱབས་སེམས། ཡིག་བརྒྱ། བླ་མའི་རྣལ་འབྱོར། མཎྜལ་དང་བཅས་པའི་ཁྲིད། དངོས་གཞི་འཁོར་ལོ་བཞི་ལ་བརྟེན་པའི་བསྙེན་པ། འཁོར་ལོ་བཞི་ལྡན་གྱི་སྒྲུབ་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་སྦྱོར། ཞར་བྱུང་མ་འགྲུབ་ན་སྤོགས་ཆོག་གི་ངོ་སྤྲོད་དང་བཅས་ཏེ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བའི་ཉམས་ཁྲིད་ལ་བརྟེན་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་གནད་ཀྱིས་གཟུང་འཛིན་གྱི་རྩ་མདུད་རྣམས་གྲོལ་ནས་ཅིར་སྣང་བདེ་བ་