[A:༡0༠]ཅིང། འབུལ་བ་ཞབས་ཏོག་རྒྱ་ཆེན་དང། མང་ཇ་གནང་སྦྱིན་གྱ་ནོམ་མཛད་ནས་གཞིས་རྩེར་ཕེབས།
ས་ཡོས་ས་གའི་ཉེར་ལྔ་པ་ཤེས་འགྲུབ་སྦྱོར་ཉིན། སྤང་གཅལ་དུ་ཆོས་སྡེ་གསར་པའི་འདུ་ཚོགས་ཐོག་མ་དང། སྣྲོན་ཟླའི་ཚེས་དགུ་དང། བཅུ་ལ་གོས་སྐུ་ཞལ་འབྱེད། སྟོན་མོ་མང་ཇ་བསྙེན་བཀུར་རྒྱ་ཆེར་མཛད་སྐབས་རྫོང་པན་བད་ལ་མེ་ཤོར། ཆོས་སྡེ་གསར་པའི་མཚན་ལ་ཆོས་འཁོར་བདེ་ཆེན་ཞེས་སྡེ་སྲིད་ཀྱིས་གསོལ། དགེ་འདུན་ལྔ་བརྒྱ་ཙམ་འདུས་ནས་ཆོས་སྤྱོད་སྒྲུབ་མཆོད་བསྐང་བ་སོགས་ཤིན་ཏུ་དར་ཞིང། བྱ་གཤོངས་མཁན་སློབ་དང། ཆོས་འཁོར་ལྷུན་པོའི་ཚོགས་པ་བཞུགས་པའི་བཀའ་རམ་སུམ་ཅུ་ཙམ་ལ་རབ་བྱུང་བསྙེན་རྫོགས་དང། མཁན་ཆེན་སོགས་ལ་གསུང་ཆོས་འགའ་ཞིག་དང། བསྟན་འཛིན་སྤྲུལ་སྐུ། གླང་བུ་ཆོས་རྗེ་སོགས་ལ་ལམ་འབྲས་པོད་དམར་མའི་ལུང་གནང། སྟོན་ས་སྐྱ་སྒར་ཆེན་དབུས་ལ་ཕེབས་ཞོར་སྡེ་སྲིད་ཀྱིས་སྤྱན་དྲངས་ཏེ་ཁུ་དབོན་དགྱེས་མཇལ་གྱི་ཚེ་དབང་བརྒྱ་རྩ་སོགས་གནང། སྨིན་དྲུག་ཉེར་དགུར་རྩེ་གདོང་དུ་གདུང་བརྒྱུད་བགྲེས་པ་སྐུ་འཁྲུངས་ཤིང། དབོན་དྲུང་བགྲེས་པ་སྐུ་ཁམས་ཉོག་པས་རྩེ་གདོང་དུ་ཕེབས་ཏེ། དེ་དང་ཡུམ་སྲས་ལ་རྐྱེན་སེལ་གནང་ནས་སྐུ་ཁམས་དང་འཕྲལ་གཞིས་རྩེར་ཕེབས།