[A:༩༩]བ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྐུ་འདྲ་མི་ཚད་མ་སྨན་སྐུའི་རིགས་ཆེ་ཆུང་དུ་མ་བཞེངས་པ་རྣམས་ལ་རབ་གནས་མཛད། ཐུགས་དམ་རྒྱུན་བསྐང་གི་དཀར་མོ་བའི་གཏོར་མ་ལས་བུར་ཆུའམ་ས་ཞག་འདྲ་བའི་ཆུ་ཞིག་ཡུན་རིང་པོར་ཟེགས།
ལོ་དེའི་ནག་ཟླའི་ཉེར་གསུམ་ལ་དབོན་དྲུང་བགྲེས་བསོད་ནམས་བློ་གྲོས་དབང་ཕྱུག་གཤེགས། དགོངས་རྫོགས་རྣམས་དབོན་དྲུང་སྐུ་འབྲིང་བྱམས་པ་བསོད་ནམས་ལྷུན་གྲུབ་ཀྱིས་ཞལ་བཀོད་མཛད། སྡེ་སྲིད་ཀྱི་ངོར་ནས་བཞེས་པའི་གོས་སྐུ་དང། གསར་བཞེངས་བཟོ་གྲྭ་གོང་འོག་ནང་བཞུགས་རྟེན་བརྒྱ་ཕྲག་མང་པོ། དམར་པོ་སྐོར་གསུམ་གྱི་སྐུ་ཆེ་བ། དེ་དག་གི་འཁོར་ལོ་རྣམས་ལ་བགེགས་སྐྲོད་རབ་གནས་སོགས་མཛད། དེ་དགུན་སྟོད་རྩེ་གདོང་དུ་འཁོར་ཙམ་ཞིག་ཕེབས། མགོ་ཟླར་གཞིས་རྩེར་ཕེབས་ཞོར་གསེར་མདོག་ཅན་མཁན་ཆེན་རྡོ་རྗེ་ལྷུན་གྲུབ་ཀྱི་ཆོས་གྲྭ་དེར་རབ་གནས་ལ་སྤྱན་འདྲེན་ཞུས་ཏེ། པན་མདར་ཐབ་བསུའི་སར་མཁན་སློབ་བཞིའི་ཆིབས་བསུ་དང། དགོན་པར་གོས་སྐུ་ཞལ་འབྱེད། འདུས་ཚོགས་ཀྱི་སེར་ཕྲེང་བཅས་བྱ་རྒོད་ཕུང་པོའི་ཆོས་ཁྲིའི་སྟེང་ནས་མཁན་སློབ་དགེ་འདུན་སྐྱེ་བོ་དུ་མ་དང་བཅས་པ་ལ་སྤྱན་རས་གཟིགས་ཀྱི་སྒོམ་ལུང་དང། ཕྱི་ཉིན་བྱམས་པའི་གསེར་སྐུ་ཆེན་མོ་ལྷ་ཁང་དང་བཅས་པ་ལ་རབ་གནས་མཛད་