[A:༡0༦]པ་ངག་དབང་ཆོས་གྲགས་དགུང་ལོ་བདུན་ཅུའི་ཐོག་ཞིང་ཁམས་བརྗེས་པའི་དགོངས་རྫོགས་འབུལ་མི་སླེབས་པར་ལྗགས་བསྔོ་མཆོད་འབུལ་སོགས་རྒྱས་པར་མཛད་སྐབས་སོག་པོའི་སྐད་ཆ་ཆེ་བར་བྱུང་བས་ལོ་དེའི་སྨོན་ལམ་ཁྲུམ་ཟླའི་བར་འགྱངས་པའི་བཀའ་བཀོད་གནང་ཀྱང་ཇི་བཞིན་མ་བྱུང་བར་ཆོས་སྡེ་གསར་པར་གྲྭ་ཚང་ལྔ་ལ་གྲྭ་གྲངས་སྟོང་ཕྲག་གཉིས་གསུམ་ཡོང་བའི་མི་བརྩི་བཙུན་ཁྲལ། ལྷ་ཁང་གི་མཇུག་སྐྱོང་སོགས་ལ་སྡེ་སྲིད་ཐུགས་ཡེངས་སྐབས་སྣྲོན་ཟླའི་ཚེས་དགུ་ནས་བཟུང་གུག་ཤྲི་རྒྱལ་པོའི་དམག་གིས་གཞིས་རྩེ་ཡོངས་རྫོགས་བསྐོར་ཏེ་འཐབ་རྩོད་ཤི་དོན་སོགས་ཟླ་བ་གསུམ་ལྷག་ཙམ་བྱས་རྗེས་དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་ཆེན་མོས་གཙོས་དབུས་དམག་རྣམས་ཀྱང་ཡར་སླེབས་ཞོར་གཙང་དམག་ཀྱང་ཁ་ཤས་བསྐུལ་ནས་རྟ་ལོ་དབོ་ཟླ་ནས་བཟུང་ཟླ་བ་དགུ་ལྷག་ཙམ་རྫོང་བསྐོར་ཏེ་དམྱལ་ཁམས་ཇི་ལྟ་བ་བཞིན་བྱུང་སྐབས་རྗེ་ཉིད་རྫོང་གི་རྩེར་ཐུགས་ཡིད་འབྱུང་དྲག་པོས་ཐུགས་དམ་ལ་བརྩོན་ཞིང་དུས་འཁྲུག་མྱུར་དུ་ཞི་བའི་གསོལ་འདེབས་རྟག་འགྲུས་དང། དགྲ་གཉེན་ཐམས་ཅད་ལ་ཉེ་རིང་མེད་པའི་བྱམས་སྙིང་རྗེ་ཆེན་པོས་བདེ་འཇགས་ཡོང་བའི་ཐབས་ཁོ་ན་ལྷུར་མཛད་ཀྱང། སེམས་ཅན་གྱི་ལས་འཕགས་པའི་ཐུགས་རྗེས་བཟློག་དཀའ་བ་དེར་སྣང།