R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡0༧
[A:༡0༧]དེ་སྐབས་ཞབས་འབྲིང་པ་བསྟན་འཛིན་ལྷུན་འགྲུབ་ལ་མགོན་པོ་མེ་འབར་མ་དང། གླང་བུ་ཆོས་རྗེ་ལ་བཀའ་འབུམ་པོད་བཞི་མའི་ལུང་གནང་འགྲོ་ཡོད་པ་དེ་མཛད་བཞེད་ཡོད་ཀྱང་སྡེ་སྲིད་ཀྱི་བཀས་གླང་བུ་བར་ཞུ་ལོང་མ་བྱུང་བར་བསྟན་ལྷུན་ལ་འཕྲོ་ཉན་པ་ལེགས་གསུངས་པ་ལ། ཞབས་ཕྱི་དག་གིས་སླར་གླང་བུ་བ་དང་ལྷན་གཅིག་གནང་ཆོག་ཞུས་པས། ད་གླང་བུ་བ་ལ་བྱེད་དགོས་མི་ཡོང་གསུངས་ཤིང། དེ་སྐབས་སྐུ་ལ་སྙུན་མེད་ཀྱང་ཕྱག་རྩ་མི་བདེ་བ་ཞིག་བྱུང་ནས། སྐུ་རིམ་སྤོང་དག་ལྟོས་ཆེན་རྫོང་ནང་གི་དགེ་འདུན་སྟོང་ཕྲག་ཙམ་ལ་ཡང་ཡང་གནང། མཆོད་པ་འཕར་མ་གཤོམ་གསུངས་ཤིང། མཚན་མོ་ཡང་མནལ་མི་མཛད་པར་བཞུགས་ཁྲིར་ཕེབས་ནས་ཐུགས་དམ་དང་ཞབས་སྐོར་སྒྲོན་མེའི་འོད་ལ་ལྗགས་ཀློག་སོགས་མཛད་དོ། ། དེ་ནས་བདག་ཉིད་ཆེན་པོ་འདི་ཞིང་ཁམས་གཞན་དུ་ཕེབས་པའི་སྔ་ལྟས་གོང་དུ་ཅུང་ཟད་བཤད་པ་དེ་དག་དང། ཆུ་རྟ་རྟ་ཟླའི་ཚེས་གསུམ་ནས་རྩེ་གདོང་གི་ཆོས་དུང་གསུང་མི་འབྱིན་ཞིང། ཆུ་མིག་ཆེ་ཆུང་རྣམས་སྐམ། དེ་དུས་རྗེ་འདིས་བསོད་ནམས་དོན་འགྲུབ་སོགས་ཚེ་འདས་དུ་མ་ལ་ལམ་སྟོན་གསུང་བསྔོ་རྣམས་མཛད་ནས། འོ་ཆོ་ག་དེ་རྣམས་ཚར་བས་བློ་བདེ་གསུངས། ཞབས་ཕྱི་རྣམས་ཀྱིས་སྐུ་རིམ་ནར་མར་སྒྲུབ་ཀྱང་སྐུ་ཉམས་ཇེ་ཆུང་དུ་སོང་