[A:༡༡༧]ཁྲིད་ཁབ་ཏུ་བཞེས་པ་ལ་ས་ཡོས་སྨིན་དྲུག་ཉེར་དགུ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་འཇམ་མགོན་བསྟན་འཛིན་དབང་པོ་རྩེ་གདོང་རྣམ་སྲས་ཀླུ་སྡིངས་གཟིམ་ཆུང་ཉི་འོད་འཁྱིལ་པར་ཡུམ་ལ་གནོད་པ་མེད་པར་འཁྲུངས། རྗེ་འདི་ལྷུམས་སུ་བཞུགས་པའི་ཚེ་ཡུམ་སྐུ་ཁམས་བཟང་ཞིང་ཐུགས་ཆོས་ལ་འཇུག་པ་དང། མནལ་ལམ་དུ་བླ་མ་གོང་མའི་གདུང་ཚ་ཡིན་སྙམ་པའི་ལྷ་སྐུ་དང། སཱཙྪ་ཆུང་ངུ་གསེར་གསོལ་མ་འཐུ་བ་དང་སྐུའི་རྒྱབ་མདུན་ཐམས་ཅད་དེ་འདྲས་གཏམས་ཤིང། ཚེ་དཔག་མེད་ཀྱི་སྐུ་ཞིག་ལྷུམས་སུ་བཞུགས་པ་ཤར་རོ། །
འཁྲུངས་མ་ཐག་ཁུ་བོ་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ཀྱི་ཚེ་བཀའ་སོགས་རྐྱེན་སེལ་དུ་མ་དང། འཇམ་དབྱངས་ཀྱི་ལྗགས་བཟླས་ལྗགས་མར་ཞུ་བར་མཛད་ཅིང་མཚན་ཞུས་པའི་ཚེ་ཐོག་མར་འོག་རབ་བྱུང་མཛད་སྐབས་ཀྱི་མཚན་དེ་གནང་བ་ལ་རྐྱེན་ཅུང་ཟད་ཞིག་གི་འགྱུར་ནས་ཀུན་དགའ་བསོད་ནམས་གྲགས་པ་ཚེ་དབང་རྡོ་རྗེར་གསོལ། འབྲུག་སྦྲུལ་གྱི་ལོ་གཉིས་དང་གསུམ་བཞེས་སྐབས་ཀྱང་ཚེ་བཀའ་སོགས་རྐྱེན་སེལ་དུ་མ་གསན།
དགུང་ལོ་ལྔ་པ་ཆུ་ལུག་ཐ་སྐར་ནས་བཟུང་ཐུབ་བསྟན་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེ་དབུ་བླར་བཞེས་ཏེ་ཁུ་བོ་དང་ཡབ་ཡུམ་སྲས་བཅས་ལ་རྣམ་རྒྱལ། ཚེ་དཔག་མེད་དཀར་པོ།