[A:༡༡༨]འཇམ་དབྱངས་ཀྱི་རྗེས་གནང་སོགས་དང། ས་ཆོག་ནས་བརྩམས་ཏེ་དབང་གི་མངོན་པར་རྟོགས་པ་བདུན་ལྡན་གྱི་སྒོ་ནས་ཀྱཻ་རྡོར་རྒྱུ་དབང་དང། གཞན་ཡང་དབང་རྗེས་གནང་ལུང་མན་ངག་དུ་མ་གསན།
དགུང་ལོ་དྲུག་པ་སྒྲོལ་བྱེད་ཀྱི་ལོ་ས་གའི་བཅུ་གཅིག་ནས་ཟླ་བ་བཞིའི་རིང་གསུང་ངག་སྨིན་གྲོལ་ལུང་བཅས་ཚང་མ་གསན།
དགུང་ལོ་བདུན་པ་ས་སྐྱོང་གི་ལོ་སྦྱོངས་དཀྱིལ་བཅུ་གཉིས། ཀྱཻ་རྡོར་གཞུང་འགྲེལ་ལ་བརྟེན་པ་གསུམ་རྣམས་ཀྱི་དབང་དང། སྒྲུབ་ཐབས་བརྒྱ་རྒྱམ་གྱི་རྗེས་གནང། དེའི་རྒྱ་བོད་ཀྱི་ཡིག་སྐོར་གྱི་ལུང་རྣམས་གསན། བདག་ཆེན་ཁུ་བོ་ལས་ཕུར་དབང་གསན་ཏེ་མེ་ཁྱི་དགུང་ལོ་བརྒྱད་པར་ཕུར་སྒྲུབ་ལ་བྱོན་པར་འཆམས་སོགས་བརྡའ་བསྟན་པ་ཙམ་གྱིས་མཁྱེན་ཏེ་འཆམས་སྦྱོང་སྐབས་འཆམས་དཔོན་མཛད། མི་འཇིགས་སྤོབས་པས་འཆམས་དང་འཆམས་སྐད་ཐམས་ཅད་འཁྲུལ་མེད་དང། དངོས་གཞིའི་ཚེ་བདག་ཆེན་ཁུ་བོ་དང་ཡབ་གཉིས་འཆམས་དཔོན་དུ་ཕེབས་པའི་འཆམས་སྣེ་བ་སྐུ་ཆུང་ངུ་དེས་མཛད་པ་ན། མཁས་དབང་བསྟན་པའི་རྡོ་རྗེ་སོགས་མཆོག་དམན་ཐམས་ཅད་ཧ་ལས་ཏེ། འདི་འདྲ་ངོ་མཚར་ཅན་ཡིན་པ་འདུག་ཞེས་སྙན་གྲགས་ཀྱིས་ཁྱབ། སྟོན་ཀ་རྗེ་བསྟན་རྡོར་ལས་གསང་འདུས་འཕགས་ལུགས་དང། གུར་སམ་སོགས་ཀྱི་