R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡༩
[A:༡༡༩]དབང་གསན། དགུང་ལོ་དགུ་པ་མེ་ཕག་རྟ་ཟླའི་ཚེས་འགོར་འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཆོས་འཆད་ཀྱི་ཐོག་མར་གནང། དབོ་ཟླའི་བཅུ་གཅིག་ལ་མཁན་སློབ་རྗེ་བསྟན་རྡོར། གྲིབ་ཚོད་པ་ཆོས་བཀའ་རྣམ་རྒྱལ། དབུ་མཛད་ལྷུན་རྒྱལ་སོགས་ཀྱི་དབུས་སུ་རབ་བྱུང་ཞུས་ཏེ་མཚན་བརྗེ་བའི་སྐབས་མཁན་པོའི་གསུང་ལས། སྔར་གཞོན་ནུའི་དུས་བདག་ཆེན་ཁུ་བོས་མཚན་གནང་བ་རྐྱེན་ཅུང་ཟད་ཀྱི་གཞན་དུ་འགྱུར་བས། ད་ལམ་སྔར་གྱི་མཚན་དེ་གསོལ་དགོས་གསུངས་ནས། བསོད་ནམས་བསྟན་འཛིན་དབང་པོ་རྡོ་རྗེ་རྒྱལ་མཚན་གྲགས་པ་དཔལ་བཟང་པོ་ཞུས་ན་སྔར་གྱི་མཚན་ཀྱང་ཚང་བ་འདྲ་གསུངས་པས་དེ་བཞིན་གནང། ནག་ཟླར་མཁན་པོ་ལས་རྡོར་ཕྲེང་ཀྲི་ཡ་དང་བཅས་པའི་དབང་གསན་ཚེ་མཁན་པོའི་གསུང་ལས་འདི་རྡོར་ཕྲེང་གི་ཕྱག་ལེན་རྒྱས་པའི་ལུགས་ཡིན་པས་གདུང་རིན་པོ་ཆེས་ཀྱང་སླད་ནས་དེ་བཞིན་དགོངས་དགོས་གསུངས། གཞན་ཡང་གྲུབ་ཐོབ་ས་རུ་བྱ་བྲལ་བའི་ལུགས་ཀྱི་སྤྱོད་སྐོར་ཡིག་ཆ་གསར་རྙིང་ཡོངས་རྫོགས་ཀྱི་ལུང་བྱིན་རླབས་དང། ཐུགས་རྗེ་ཆེན་པོའི་དམར་འཁྲིད་སོགས་གསན། བྱི་གླང་གཉིས་ལ་རྩེ་གདོང་སྲིད་གསུམ་དང་ཀླུ་སྡིངས་སུ་བཞུགས་ནས་གསན་སྦྱོངས་གཙོ་བོར་མཛད། ཁྱི་ཕག་བྱི་གླང་གི་