R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༢
[A:༡༢༢]སྡེར་ཞབས་རྟོག་ཉིན་གང་མ། སླར་ཡང་མང་ཇ་འབྲུ་འགྱེད་སོགས་ཞུས། དངུལ་གདུང་དང་བཀའ་འབུམ་བཞེངས་སྐབས་ཁམས་པ་ཤིས་ངན་རྣམས་ཀྱི་རྒྱུ་ངན་ལ་བརྟེན་དྲུང་ཆེན་ཡང་བསྙུང་ནས་དངུལ་གདུང་མ་འགྲུབ་པར་ཐུབ་བསྟན་ངོར་རྩེ་གདོང་རྣམས་སུ་རྒྱུ་རྣམས་མང་འགྱེད་ལ་བཏང། རྩེ་གདོང་ནས་ཀྱང་གནས་དེ་ཉིད་དང། ཐུབ་བསྟན་དུ་དགོངས་རྫོགས་མཆོད་འབུལ་དང་དུས་མཆོད་ཀྱང་འཛིན་པར་མཛད་དོ། ། དེ་ནས་རྗེ་ཉིད་དགུང་ལོ་བཅུ་དགུར་ཕེབས་པ་མེ་བྱའི་དཔྱིད་སྲིད་གསུམ་ཆོས་སྡེར་དང་ཕྱོགས་འདུས་ལ་ཀུན་རིག་གི་དབང་དུ་མ་གནང། དབྱར་བྱམས་པ་བསོད་ནམས་ལྷུན་གྲུབ་ལྷོ་བོད་འཆིང་དན་ལ་ཆིབས་བསྒྱུར་དང། རྗེ་འདིས་ཕུར་སྒྲུབ་སོགས་མཛད་དེ། དེའི་དབང་དང་ཁྱི་ལོ་བདག་ཆེན་ཁུ་བོ་དབུས་ལ་ཆིབས་བསྒྱུར་སྐབས་རྗེ་འདིས་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་ཚར་ཁ་ཤས་མཛད་ཅིང། འཇམ་མགོན་ཨ་མེས་ཞབས་དབུས་ནས་རོང་བརྒྱུད་རྩེ་གདོང་དུ་ཕེབས་པར་ཞལ་ངོ་རྩེ་རྒྱས་དྲུང་འཁོར་རགས་བསྡུས་བཅས་ཀྱི་ཆིབས་བསུ་དང། སེར་ཕྲེང་རྒྱས་པ་བཅས་ཀླུ་སྡིངས་སུ་བྱོན་ཏེ་ཞག་གསུམ་བཞུགས་སྐབས་ཞལ་ངོ་ཆོས་སྡེའི་བླ་སློབ་གྲྭ་རིགས་བཅས་ལ་ཀྱཻ་རྡོར་རྒྱུ་ལམ། བདེ་མཆོག་རྣམས་ཀྱི་དབང་དང། ཚེ་བཀའ་མང་པོ། ཨོ་རྒྱན་བླ་མའི་རྣལ་འབྱོར།