R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༢༧
[A:༡༢༧]ཕེབས་ཏེ་སྟོན་བཅག་གྲྭ་རིགས་རྣམས་ལ་ཀུན་རིག་དབང་ཆ་དུ་མ། ཕུ་མདའ་བར་གསུམ་གྱི་སྦྱིན་བདག་རྣམས་ཀྱི་སྤྱན་འདྲེན་བསྙེན་བཀུར། དགུན་སྟོད་ཆོས་སྡིངས་སུ་ཟླ་སྐོར་ཙམ་ལ་སྤྱི་སྒོས་ཆོས་འཆད་རོང་སྟོན་དུས་མཆོད་དང་བསྟུན་ནཱ་ལེནྡྲར་ཕེབས། མགོ་ཟླའི་བཅུ་བཞི་ནས་བཟུང་ལྕགས་གླང་ནག་ཟླའི་བཅོ་ལྔའི་བར་ཚོགས་པ་ཉིས་བརྒྱ་ལྷག་ཙམ་ལ་གསུང་ངག་སྨིན་གྲོལ་ཡོངས་རྫོགས་མཛད་པའི་ཚེ་རྟ་ཟླའི་ཚེས་ལྔ་ལ་སེམས་བསྐྱེད་ཆེན་མོའི་ཉིན་གནམ་གཤིས་ཤིན་ཏུ་དྲོ་བས་གྲོག་པོ་ཕན་ཚུན་གྱི་ཆབ་རོམ་ཐམས་ཅད་ཞུ་ནས་ཆུ་ཆེན་རྡོལ་བར་སྐྱིད་ཚལ་མཁན་ཆེན་ཤེས་རབ་རིན་ཆེན་པས། འདི་འདྲ་ཐུགས་རྗེའི་བྱིན་རླབས་རང་ཡིན་འདུག་སྟེ་ངེད་ཚོ་རྫོང་ཤར་དུ་ཆུ་ལ་མི་ཐར་བ་འདྲ་ཁུ་ཏཱ་མན་སག་གསུང། གསུང་ངག་གྲོལ་ནས་ཉན་པོ་བ་སྐུ་མཆེད་ཀྱི་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་བ་རྒྱ་ཆེ་ཞིང་ཕེབས་ཞོར་གྲོག་མཁར་ནང་སོ་དང་བཀྲས་སྦུག་ཇོ་གདན་པ་རྣམས་ཀྱིས་ཀྱང་གདན་འདྲེན་ཞུས། ཐམས་ཅད་དུ་ཤི་གསོན་སོ་སོའི་རེ་བ་བསྐངས། ཟླ་སྐོར་ཆོས་སྡིངས་སུ་བཞུགས། ཡུལ་སྔ་སྡིང་གི་རྟེན་གསར་ལ་རབ་གནས་དང། རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ་ནས། སླར་ཡང་ལྷ་སར་ཐམས་ཅད་མཁྱེན་པ་མཇལ་ཕྱག་མཛད་དེ་སྣྲོན་ཟླའི་བཅུ་བདུན་ལ་ཆིབས་ཁ་བསྒྱུར་ནས་བོན་