[A:༡༢༨]གྲོང་ནང་སོའི་སྔོན་འགྲོ་ཀུན་རིག་སྟོང་ཆོག་ཚོགས་དབུ་སོགས་མཛད་དེ་རིམ་གྱི་ཆུ་སྟོད་ཚེས་དྲུག་ལ་སེར་ཕྲེང་དང་བཅས་གདན་སར་ཕེབས་ནས་གཞིས་བྱེས་ཞལ་ངོ་ལྷན་རྒྱས་ཐོག་གཞིས་ལེན་སྐུ་འཁྱོས། འདུས་སྡེར་མང་འགྱེད་སོགས་མཛད་དེ་མགོན་ཁང་སོ་སོར་གཏང་རག་དང་ཕུར་སྒྲུབ་མཛད། ཨེ་ཝཾ་ནས་ཤར་ཆེན་དང་ཐར་རྩེ་དཔོན་སློབ་ཆག་མེད་གསོ་བར་ཕེབས་པར་དེ་བཞིན་དང། རྩ་གསུམ་དབང་ལུང་སོགས་གནང། ས་མཆོད། གཏོར་བཟློག་ཚེ་ཆོག་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་དུས་མཆོད། མདོས་ཆེན། གཏོར་སྤོད་རྣམས་མཛད།
ཆུ་སྟག་རྟ་ཟླའི་ནང་སྐུ་མཚམས་དང། དཔྱིད་ཀ་སྒྲུབ་མཆོད་སོ་སོའི་ཚོགས་དབུ། དབྱར་ཆོས་གསང་འདུས་འཇམ་རྡོར་གྱི་དབང་ཆ་དུ་མ། ཕུར་སྒྲུབ། སྟོན་གནམ་རྩེར་དྲུག་ཅུ་དང་རྟེན་མདོས་འཛུགས་པ། གཏོར་བཟློག་ཆེན་མོ། ཚེ་ཆོག་སོགས་རིམ་བཞིན་མཛད་དེ་ལི་ཐང་གྲྭ་རྒྱུན་མང་འབྱོར་རྣམས་ལ་གུ་རུ་ཞི་དྲག་དང་ཀྱཻ་རྡོར་རྒྱུ་དབང་རྣམ་འཇོམས་རྗེས་གནང་སོགས་མཛད་ཅིང། མདོས་ཆེན་རོལ་དཔོན་སོགས་མཛད། ཆུ་ཡོས་རྟ་ཟླའི་མཇུག་གི་ཀྱཻ་རྡོར་སྒྲུབ་མཆོད་ཚོགས་དཔོན་སོགས་རྒྱུན་བཞིན་མཛད་དེ་ཁྲ་ཟླའི་ནང་ལས་སློབ་རྒྱལ་རྩེ་བ་ལས་ཆག་མེད་གསོ་བ་དང་ལམ་སྐོར་ཕྱི་མ་བརྒྱད་ཀྱི་འཁྲིད་གུ་རུ་དྲག་དམར་མཐིང།