[A:༡༣༣]བཞིན་ཞུས་པར་རྗེ་རྡོ་རྗེ་འཆང་མཉེས་པ་ཡིན་གོ་བཅད་གསུངས། མེ་ཏོག་གི་ཆར་སོགས་གདན་ས་གོང་བཞིན་དང་ཞག་གསུམ་བཞུགས་རིང་མཆོད་མཇལ་ཆོས་འབྲེལ་བླ་བྲང་སོ་སོའི་ཞབས་ཏོག་མང་ཇ་སོགས་མཛད་ནས་གདན་སར་ཕེབས། སྣྲོན་ཟླའི་དགུ་ནས་གྲོ་བཞིན་ཉེར་གསུམ་བར་རྩེ་གདོང་དུ་གསུང་ངག་གནང་བ་གྲོལ་བའི་གཏང་རག་རྩེ་གདོང་གི་མགོན་ཁང་སོ་སོ་དང། གེ་རེ་མདོ་ཆོད་མགོན་ཁང་དུ་མཛད་པས་གེ་ཚར་གཉིས་ཀྱི་ལེགས་འབུལ་དང། དེ་སྐོར་མི་དམངས་ལ་གུ་རུ་ཞི་དྲག་དང་ཚེ་དབང་གནང། ཁྲུམས་ཟླའི་ནང་རྩེ་གདོང་འདུ་ཁང་སྟེང་གིས་གཙུག་ལག་ཁང་དུ་དཀར་པོ་རྣམ་གསུམ་དང་ཐུབ་དབང། གནས་རྟེན་འཁོར་བཅས་ཀྱི་སྐུ་རྣམས་སྒྲིག་པར་མཛད་དེ་དཀར་མེ་རྒྱུན་འབར་སོགས་མཆོད་ཚོགས་ཀྱིས་བསྐོར་བར་དབྱུག་ཟླར་ཁུ་དབོན་ཡབ་སྲས་རྩེ་རྒྱས་བན་ཚང་དང་བཅས་པས་རབ་གནས་མཛད། གཅུང་གི་དྲག་པོ་སྒྲོལ་དབང་ཞུས་པ་བཞིན་ཉེར་གསུམ་རྒྱལ་ཕུར་ཉིན་ཀླུ་སྡིངས་ཚོམས་ཆེན་དུ་སྐྱ་སེར་ལྔ་བརྒྱ་ཙམ་ལ་གནང།
ལུག་ལོ་ཐ་སྐར་ནང་ཆོས་སྡེའི་སྒོ་འཕྱོར་སྟེང་ལྷ་ཁང་གསར་བཞེངས། ལོ་དེའི་སྨིན་དྲུག་ཟླ་ནང་ཤིང་རྩི་ཙམ་མ་གཏོགས་གྲུབ། ནཱ་ལེཎ་ཌ་ནས་སྤྱན་འདྲེན་བྱུང་བ་བཞིན་བཅུ་གཅིག་ལ་ཆིབས་ཁ་བསྒྱུར་ཏེ་བདག་ཆེན་ཁུ་བོ་དང་ཡབ་གཅུང་རྣམས་ཀྱིས་གེ་རེ་མདོ་