[A:༡༣༥]ནས་སྐུ་ཚབ་གདོང་ལེགས་སྐྱེས་རྒྱས་པར་སྩལ། དེ་ནས་ལྷུན་གྲུབ་རྫོང་ལ་སྤྱན་འདྲེན་བང་ཕྱིན་འབྱོར་ཀྱང་གྱང་ར་ནང་སོ་དང་ཆོས་སྡིངས་སུ་ཕེབས་པའི་ཞལ་བཞེས་བཞིན་དེ་དག་ཏུ་ཆིབས་བསྒྱུར་སྐབས་སླར་ཡང་བང་མི་ཉིས་སྦྲེལ་གྱི་ཞུ་ཡིག་ནན་ཆེར་བྱུང་བ་བཞིན་ཕེབས་ཏེ་ཁོང་ཚོའི་རེ་བ་བསྐང་ནས་ནཱ་ལེཎྜར་ཤར་ཕེབས་གནང་རྩིས་ཡོད་ཀྱང་རབ་ཞག་བཅུ་སྐོར་དང། ཐ་ནའང་བདུན་ཙམ་བཞུགས་པའི་གུར་དྲག་ཚེ་བཀའ་སོགས་སྙན་ཞུ་ཕུལ་ཡང་རྩེ་གདོང་དུ་བདག་ཆེན་ཁུ་བོ་སྐུ་ཁམས་མ་བདེ་བས་བཀའ་ཆོས་རྣམས་ཐུགས་སྩོལ་མཛད་དེ་ཞག་གསུམ་ནས་ནཱ་ལེཎྜར་ཕེབས་པའི་འདོད་ཆོས་རྣམས་སྩལ་ཏེ་ས་གའི་ཚེས་ལྔ་ལ་ཆིབས་ཁ་བསྒྱུར། གཞུང་ཞབས་རིན་པོ་ཆེས་ལམ་ཡིག་བསྐུར་ཟོས་དང་བཅས་སྟོད་ལུང་དང་རོང་ཆེན་བརྒྱུད་མགྱོགས་ཁྱད་ཀྱིས་ཕེབས་ཀྱང་སྐྱ་སེར་ཚང་མའི་རེ་སྐོང་ཆག་མེད་མཛད་ཅིང། གདན་སར་ཕེབས་ཉེར་ཇི་འདྲ་ཡོད་སྙམ་པའི་ཐུགས་མཛངས་བྱུང་ཡང་སྐུ་ཁམས་གསོས་པའི་གནས་ཚུལ་གསན་པ་དང་ལྷག་པར་གཅུང་དཔོན་གཡོག་ཕེབས་བསུར་ཕེབས་པ་ལས་ངེས་འདྲོངས་གསན་པས་ཐུགས་བདེ་མུ་ནས་སང་ཉིན་ཚལ་མདར་གསོལ་ཚིགས་དང། སྤེལ་མཁར་བཞུགས་ཞག་མཛད་དེ། དེའི་སང་སེར་ཕྲེང་དང་བཅས་ཡབ་རྗེའི་སྐུ་དྲུང་དུ་ཐོག་མར་ཕེབས། དེ་ཕྲལ་ལྷུན་པོ་རྩེར་བདག་ཆེན་