R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༣༧
[A:༡༣༧]ཉིད་ལ་སྙན་ཞུས་ཕུལ་ཕྲལ་ཡར་ཕེབས་ཏེ། མཇལ་བས་དགྱེས་ཏེ་བསླབ་དོན་ཕྲ་རགས་ཀུན་གནང། དེ་འཕྲལ་གཞན་དོན་ལ་ཕེབས། དེ་ནས་དགོངས་རྫོགས་ཀྱི་རིམ་པར། སྐུ་གདུང་སྐུ་ཞབས་སུ་དགེ་སློང་བཞི་དང། གཞན་དགེ་འདུན་བྱིངས་ཀྱིས་མཆོད་འབུལ་རྒྱས་པར་གནང། སྐུ་ཚིགས་དང་པོའི་སྔ་ཆར་མཁན་ཆེན་བྱམས་པ་དགེ་འདུན་རྒྱ་མཚོས་སྐུ་གདུང་ཞུགས་འབུལ་སྐབས་རང་ཞབས་ཀྱི་ཐེམ་ཆེ་ཆུང་ཐམས་ཅད་ལ་ཕྱི་འགྱེད་གནང། ནམ་མཁར་འཇའ་གུར་སྣ་ཚོགས་ཀྱིས་ཁྱབ་པ། གདུང་ཁང་ལའང་འཇའ་ཟུག་པ་མེ་ཏོག་གི་ཆར་ཁ་བ་ལྟར་བབས་པ་སྐྱེ་བོ་ཀུན་གྱིས་མཐོང་བས་དད་གུས་ཀྱི་གནས་སུ་གྱུར། དགོངས་རྫོགས་དངོས་གཞི་ལ་སེར་འདུ་ཉིན་གསུམ་རྒྱས་པར་གནང། ལྷ་སར་ཇོ་ཞལ་རྣམ་གཉིས་ཀྱིས་གཙོས། ལྷ་ཁང་ཚང་མར་ཞལ་གསེར་དཀར་མེ། མར་ཁལ་སྟོང་དང་ཉིས་བརྒྱ་གདལ་ཙམ་དང། སྙན་དར་ཤིན་ཏུ་ཟབ་པ། རྒྱལ་བ་ཡབ་སྲས་ས་སྐྱ་སྟག་ལུང་རྣམས་ཀྱིས་མཚོན་དབུས་གཙང་གི་བླ་མ་སློབ་དཔོན་རྣམས་ལ་བསྔོ་རྟེན། དགོན་སོ་སོར་མང་འགྱེད་རྒྱས་པ་གཏོང་བའི་བཀའ་ཁྱབ་གནང། ནང་རྟེན་དངུལ་གདུང་རྣམ་རྒྱལ་མཆོད་རྟེན་ཆེས་ཆེ་བ་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་དང། སྨན་འདམ་ལས་གྲུབ་པའི་གཟིམས་མལ་སྐུ་འདྲ་ཆེ་ལེགས། དུས་མཆོད་ཐང་ཀ་ཤིན་ཏུ་ཆེ་བ་