[A:༡༣༨]སོགས་དང། སྐུ་འདྲ་དངུལ་གདུང་དང་བཅས་པར་རྒྱུད་སྡེ་ནས་བཤད་པའི་གཟུངས་ཆ་ཚང། རིང་བསྲེལ་སོགས་བླ་མ་གོང་མའི་བྱིན་རྟེན་གྱིས་ཕྱུར་བུར་གཏམས་པའི་ནང་བཞུགས་ཕུན་སུམ་ཚོགས་པ་དང། དེ་རྣམས་ལ་མཆོད་རྫས་གོས་བཟང་བསྒྲིགས་ཀྱི་བླ་བྲེ། འཕན། གདུགས། རྒྱལ་མཚན་སྙན་དར་སོགས་དང། གསོལ་ལྕོགས་ཞལ་དཀར་སྟེགས་བཅས་དབང་ཆས་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། རབ་ཏུ་གནས་པ་ལེགས་པར་མཛད་དོ། །
ཡང་ལོ་དེ་ནང་དུ་རྗེ་བཙུན་དེ་ཉིད་ཀྱི་དགོངས་རྫོགས་སུ། རིག་འཛིན་བརྒྱུད་པ་ལྷ་མགྲོན་དང་བཅས་པར་གྲས་ཐང་ཉེར་བདུན་གོང་གཤམ་ཞལ་ཁེབས་ཏོག་བཅས་ཁྱད་མཚར་དུ་བསྐྲུན་ཏེ་རྗེ་ཉིད་དཔོན་སློབ་བཅུ་གསུམ་སྐོར་གྱིས་རབ་གནས་རྒྱས་པར་མཛད། རྟེན་བཞེངས་གེགས་མེད་དུ་གྲུབ་པའི་ཆོས་སྐྱོང་རྣམས་ལ་གཏང་རག་གསུང་བསྐང་རྒྱས་པར་མཛད་དོ། །
ཁྱི་ལོ་ཟླ་བ་གཉིས་པའི་ནང་དུ་ཨ་ལུ་ཆོས་རྗེ་བསོད་ནམས་བསྟན་འཛིན་བཟང་པོ་དཔོན་སློབ་དྲུག་ཅུ་སྐོར་འབྱོར་ཏེ། ཆོས་སྡེར་མང་འགྱེད། གོང་མ་རིན་པོ་ཆེར་བསྔོ་རྟེན་འབུལ་བ་ཚད་མེད་ཕུལ། ཀྱཻ་རྡོར། ཕུར་པ་སྟོད་ལས། སྨད་ལས། ཀུན་རིག་ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང་དང། རྗེས་གནང་སྐོར་བློ་