[A:༡༤༣]ཚེས་བརྒྱད་ལ་ཕུར་སྒྲུབ་ཚོགས་དབུར་ཕེབས། སྨིན་དྲུག་ཟླ་བའི་བཅུ་དགུར་བླ་བྲང་རྣམ་རྒྱལ་རྩེར་ཕེབས་ནས། མེ་འབྲུག་ཁྲ་ཟླའི་བར་ཡང་དག་གི་སྒྲུབ་པ་མཛད་པས་ཞལ་གཟིགས་དང་དངོས་གྲུབ་ཀྱི་མཚན་མ་སོགས་མང་དུ་བརྙེས། གྲོ་བཞིན་ཟླ་བའི་ནང་ཡབ་རྗེ་ངག་དབང་བསོད་ནམས་ལྷུན་གྲུབ་བསྙུན་གཞི་ཆེར་མེད་པར་དག་ཞིང་དུ་གཤེགས་པར། སྐུའི་གཅུང་དང་བཅས་པས་དགོངས་རྫོགས་རྒྱ་ཆེར་བསྟར། ཁམས་འགྲུལ་དང་གཞིས་བྱེས་ཀྱི་ཚོགས་ལ་ཀྱཻ་རྡོར། བདེ་མཆོག་ཕུར་པ། ཀུན་རིག་ཚེ་དཔག་མེད་སོགས་དབང་བཀའ་དུ་མ་དང། སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་རྗེས་གནང། རབ་བྱུང་བསྙེན་རྫོགས། རྙིང་ལུགས་ཆོས་བཀའི་ལྗགས་ལུང་སོགས་མཐའ་ཡས་པར་གནང།
ལྷོ་བོད་གཟིར་སྐབས་གདན་ས་ནས་འཇམ་དབྱངས་བསོད་ནམས་དབང་ཕྱུག་སྐྱིད་ཤོད་ཁག་གཉིས། བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་རྣམས་དབྱུག་ཟླའི་ནང་དུ་ཆིངས་ལ་ཕེབས་ཟིན། སྨིན་དྲུག་ཟླ་བའི་ཉེར་བདུན་ལ་ལྷོ་བོད་ཀྱི་ཞུ་ཆིངས་ལ་ཆིབས་ཁ་བསྒྱུར་བས་རྒྱལ་ཟླའི་ཚེས་བརྒྱད་ཉིན་ལྷོ་བོད་མཚམས་ཀྱི་སྤྲེལ་མོ་ལར་ཕེབས་པ་གོང་གི་ཆིངས་ཁག་རྣམས་ཀྱི་གསན་པས། ཕེབས་བསུ་བ་རྟ་པ་དུ་མ་བྱུང་བ་རྣམས་དང་བཅས་ཤོ་རྨུག་ཏུ་བཞུགས་སྒར་འཇགས། ཕེབས་བསུ་རྣམས་ལ་ཇ་གྲལ་དང་གསུང་གླེང་གང་