[A:༡༤༨]ལེགས་འབུལ་སོགས་བཞེས་ཤིང། འདུས་ཚོགས་སུ་མང་འགྱེད། ཆོས་སྲུང་ལ་གཏང་རག་སོགས་ཕེབས་སྐོར་སྔ་མ་བཞིན། ནག་ཟླའི་ཚེས་བཅུ་གསུམ་ལ་གཙུག་ལག་ཁང་གི་སེང་གཡབ་ཤིང་རྩི་དང་ལྡེབས་བྲིས་སུ་ཐུབ་པ་གཙོ་འཁོར། རྒྱན་དྲུག་མཆོག་གཉིས། སོར་སྡོམ་བརྒྱུད་པ་གཞན་ཡང་ཡི་དམ་ཆོས་སྲུང། ནོར་ལྷ་སོགས་བསམ་གྱིས་མི་ཁྱབ་པ་དང། གཙུག་ལག་ཁང་གི་སྒོ་འཕྱོར་རྙིང་བཅོས་སོགས་གནང་ནས་རབ་གནས་མཛད། བྱམས་པ་བསོད་ནམས་ལྷུན་གྲུབ་ཀྱི་དུས་མཆོད་དང། ནང་རྟེན་དངུལ་གདུང། ཕུན་ཚོགས་ལྷ་ཁང། གནས་བཅུ་ལྷ་ཁང་སོགས་རྟེན་གསུམ་རྣམས་ལ་མར་མེའི་ཐེབས་སུ་ས་ཞིང་དང། རི་ཕྱུགས་མང་པོ་སྦྱོར་འཇགས་གནང།
ས་ལུག་ཟླ་བ་བཅུ་པའི་ཚེས་ལྔ་ལ་དབུས་སུ་ཆིབས་ཁ་བསྒྱུར་ཞིང་གཅུང་རིན་པོ་ཆེ་ནས་ཕེབས་སྐྱེལ་སོགས་མཛད། སྐུ་ཞབས་རྩེ་ཤོད་མཇལ་བར་ཆག་ཆག་ལ་བརྒྱུད་པའི་མདོ་ཆོད་དུ་ཕེབས། དེ་ནས་རིམ་ཕེབས་ཀྱི་ལམ་བར་དུ་འཁོད་པའི་སེར་སྐྱ་ཧོར་སོག་འབྲོག་པ་སོགས་སྐྱེ་འགྲོ་ཤི་གསོན་རྣམས་ཀྱི་རེ་འདོད་བཀང་ཏེ། ཚེས་བཅོ་བརྒྱད་ལ་སྐྱར་པོ་གཞིས་ཀར་ཕེབས། སྡེ་སྲིད་ནས་ཐབ་བསུ་གོང་ས་ཡས་ཕྱིན་ནས་ཕེབས་བསུ་བ་སེར་སྐྱ་བཞི་བཅུ་སྐོར་གནང། ཚེས་བཅུ་དགུ་ལ་ལྷ་སར་དཔལ་འབྱོར་རབ་བརྟན་གྱི་