R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༩
[A:༡༤༩]གནས་ཚང་དུ་ཕེབས། སྡེ་སྲིད་ནས་གསོལ་ཇ་ཕེབས་ཆས་སོགས་སྟོབས་ཆེ་བ་དང། རྩེ་ཤོད་ནས་མགྲོན་གཉེར་སོགས་སྐུ་འཁོར་སེར་སྐྱ་བཅོ་ལྔས་ཕེབས་བསུ་བཅས། གོང་ས་ཡས་ཕྱིན་ལྷན་རྒྱས་སུ་མཇལ་འཛོམས་གནང་ཞིང། ཀྱཻ་རྡོ་རྗེའི་སྐུ་རྒྱ་ནག་མ་ཞིག་གིས་གཙོས་དགུ་ཚན་བཅོ་ལྔའི་འབུལ་བ་དང། གསོལ་ཇ་བཞིའི་བར་ལྷོ་བོད་ལེགས་སྤེལ་སྐོར་ནས་བརྩམས་པའི་བཀའ་འདྲི་སོགས་གནང་བར་རྗེ་ཉིད་ནས་ཀྱང་གསུང་ལན་གང་འཇེམས་ཕུལ་རྗེས་མགྲོན་ཁང་དུ་གདན་འདྲེན་ཐོག་གསོལ་སྟོན་གཟབ་རྒྱས་གནང། དེའི་སང་ཉིན་གོང་ས་མཆོག་ནས་གྲུབ་རྒྱལ་མའི་ཚེ་བཀའ་ཤིན་ཏུ་རྒྱས་པ་སྩལ། གནང་སྦྱིན་རྒྱ་དཔྱད་ཁྱད་མཚར། རྒྱ་སྦུབ་སོགས་དངོས་པོ་སྟོབས་ཆེ་བ་གནང་བ་དང་ཆབས་ཅིག་ད་ཆ་དཔལ་འཆི་མེད་དབང་པོར་ཕེབས་པ་གཞིར་བཅས་གསུང་ངག་ལམ་འབྲས་ཀྱིས་གཙོས་པའི་བཀའ་ཆོས་གང་ལའང་ཐོགས་མེད་ཡོད་འདུག་པས་བསྟན་འགྲོའི་དོན་དུ་རྒྱ་གང་ཆེ་གནང་དགོས་ཚུལ་དང། བསམ་ཡས་ཕྱོགས་ལའང་ད་ལམ་ངེས་པར་ཕེབས་པའི་ཕྱག་ནས་སོགས་གནང་ལུགས་ངོས་ལུགས་གཉིས་ཀྱི་ཁུར་བཞེས་མཛད་དགོས་སྟབས་ནཱ་ལེནྡྲ་སོགས་དབུས་ཕྱོགས་སུ་བཀའ་ཆོས་གནང་དགོས་རྣམས་ཀྱང་གདན་སའི་ཐུགས་བྲེལ་དང་བསྟུན་ནས་གནང་ཆོག་གསུང་བ་སོགས་ལུགས་གཉིས་ཀྱི་བཀའ་སྩལ་ཐུགས་རྗེ་ཆེ་བར་